༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༡༡ ནས་ ༡༢ བར་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་ཡུ་རོབ་བྷལ་ཊིག་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡ་ནང་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་ཡུ་རོབ་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་ཚོགས་ཁང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌིར་ཡ་སེ་ ན་ཝིག་ཀ་སེ་ (Andrius Navickas, Chair of the Tibet support group of the Parliament) མཆོག་དང་། ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སེ་ ཝ་ལིན་སི་ཀ་ (Arunas Valinskas) ལགས། ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་མ་ཊ་སི་ མལ་ཌཡེ་ཀི་སི་ (Matas Maldeikis MP) ལགས། གྲོས་ཚོགས་འཐུས་མི་ཀེ་སི་ཊུ་ཊི་སི་ ན་ཝིག་ཀ་སེ་ (Kestutis Navickas MP) ལགས། གྲོས་ཚོགས་འཐུས་མི་མོ་ནི་ཀ་ ན་ཝིག་ཀེ་ནེ་ (Monica Navickiene MP) ལགས་བཅས་གྲོས་ཚོགས་འཐུས་མི་ཁྱོན་ལྔ་དང་ལྷན་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ། བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
ཐེངས་དེའི་མཇལ་འཕྲད་སྐབས་ཨིན་ལན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ཀུན་དགའ་ལགས་དང་། ལི་ཐུ་ཝེ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་བཅུ་མཉམ་ཞུགས་གནང་འདུག་པ་བཅས། །