༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༨ ནས་ ༡༠ བར་ཨི་ཊ་ལི་ནང་རྟེན་གཞི་བྱས་པའི་ཝ་ཧི་སི་ཊེ་ན་ཐེབས་རྩའི་(Wise Dana Foundation)འགོ་འཛིན་གཙོས་པའི་ཚོགས་མི་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར་གཞིས་ཆགས་སུ་འདུས་སྡོད་གཞིས་ཆགས་འཛུགས་སྐྲུན་ལས་འཆར་རྟོག་ཞིབ་གནང་བར་ཕེབས་ཡོད།
དེ་ཡང་སྐབས་དེར་ཝ་ཧི་སི་ཊེ་ན་ཐེབས་རྩའི་ཚོགས་མི་རྣམས་ཀྱིས་འདུས་སྡོད་གཞིས་ཆགས་འཛུགས་སྐྲུན་ལས་འཆར་སྐོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལུགས་བསམ་དང་བདེ་སླར་ས་གནས་འགོ་འཛིན་རྣམ་པ། སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་གི་ངེས་སྟོན་པ་ལྷན་གྲོས་མོལ་དང་། ས་ཚིགས་ཁག་ཅིག་ཏུ་གཟིགས་སྐོར་དུ་ཕེབས་ཏེ་ལས་འཆར་སྐོར་ཞིབ་ཕྲ་རྒྱུས་ལོན་ཞུས་ཡོད། ཕྱི་ཚེས་ ༠༩ ཉིན་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་གཞིས་གྲོང་ ༡༢ དང་ལུགས་བསམ་གཞིས་ཆགས་ཀྱི་གཞིས་གྲོང་ ༠༢ ནང་ཡོད་པའི་ས་ཚིགས་ཁག་ལ་གཟིགས་སྐོར་གནང་ཡོད་པ་རེད།
དེ་བཞིན་ཁོང་རྣམས་ནས་སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང་དུ་ཕེབས་སྐབས་ངེས་སྟོན་པས་ཉམས་ཞིབ་སྦྱོང་བརྡར་ཁང་དེའི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། དེ་བཞིན་སྦྱོང་བརྡར་ཁང་འདི་ཡིས་བོད་མི་ཞིང་པ་རྣམས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་གི་ཡོད་པ་གསུངས། ཕྱི་ཚེས་ ༡༠ ཉིན་ཐེབས་རྩའི་ཚོགས་མི་རྣམས་དང་ཧུན་སུར་གཞིས་ཆགས་ཀྱི་ས་འགོ་དང་ལས་བྱེད་ལྷན་གྲོས་མོལ་གནང་བ་སྦྲགས། གཞིས་ཆགས་ནང་གི་འདུས་སྡོད་གཞིས་ཆགས་འཛུགས་སྐྲུན་ལས་འཆར་སྤེལ་ཡུལ་ས་ཚིགས་སུ་གཟིགས་སྐོར་གནང་དུ་ཕེབས་ཤིང་། དེ་རུ་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པས་ལས་འཆར་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་པ་བཅས།།