༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༦ ནས་ ༡༡ བར་བལ་ཡུལ་ཤ་ཝ་ར་ས་གནས་འགོ་འཛིན་བསྟན་འཛིན་དཔལ་ལྡན་ལགས་དང་། ཚབ་གསར་ཡེ་ཤེས་ཆོས་སྒྲོན་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཆེད་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་བལ་ཡུལ་རྒྱལ་འཕགས་ས་གནས་འགོ་འཛིན་བཀྲ་ཤིས་རྡོ་རྗེ་ལགས་ཀྱི་སྤྲོད་དཔང་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༦ ནས་ ༨ བར་ཤར་ཁུམ་བདེ་ལེགས་གླིང་གཞིས་ཆགས་ཀྱི་ཅ་དངོས་དང་ཡིག་ཆ་ཁག་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་ཡོད། ཕྱི་ཚེས་ ༠༩ དང་ ༡༠ ཉིན་ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཤབ་རུ་དང་ཐང་མོ་ཆེད་ཕྱོགས་བསྐྱོད་དང་། མི་མང་ཐུག་འཕྲད་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་ཤ་ཝ་ར་ས་གནས་འགོ་འཛིན་གྱི་བདག་གཉེར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་ཁག་དང་། ལས་ཁུངས་ཀྱི་ཅ་དངོས་རིགས་རེ་རེ་བཞིན་རྩིས་སྤྲོད་གནང་ཡོད་པ་མ་ཟད། རྩིས་དྲུང་དང་ལས་བྱེད་རྣམས་ཀྱི་འགན་འཁུར་འོག་ཡོད་པའི་ཡིག་འཕེལ་དང་འཛིན་ཆས། དེ་བཞིན་རྩིས་པའི་བཟོས་པའི་རྩིས་ཁྲ་ཁག་དང་དངུལ་ཁང་གི་ཡིག་ཆ་ཁག་ལ་གཟིགས་ཞིབ་དང་རྩིས་ལེན་རྩིས་སྤྲོད་གནང་ཡོད།
ཉིན་རྒྱབ་ཤ་ཝ་རའི་ལས་ཁུངས་སུ་ས་གནས་འགོ་འཛིན་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གནང་རྗེས་ནང་སྲིད་སྐུ་ཚབ་སྤྲོད་དཔང་ནས་རྩིས་སྤྲོད་ལེན་ཀྱི་གནས་སྟངས་གསལ་བཤད་གནང་ཡོད་པ་བཅས།།