༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྣམ་གཉིས་རྒྱལ་ས་ལྡི་ལི་དང་། བཻངྒ་ལོར་སོ་སོ་ནས་བྷག་ཊོ་ར་གནམ་ཐང་དུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་དང་། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་སྒང་ཏོག་བཞུགས་གནས་མགྲོན་ཁང་དུ་དེ་གའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན། སྒང་ཏོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བཅས་ནས་འཚམས་འདྲི་ཞུས་རྗེས། འབྲས་ལྗོངས་ཀྱི་བྱང་ཕྱོགས་གཏུམ་ལངས་ས་གནས་སུ་གསར་བཞེངས་གནང་བ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཟངས་མདོག་དཔལ་རི་དགོན་པར་ཕེབས་ཐོན་གྱིས་ས་གནས་སུ་ཕེབས་འབྱོར་མཚམས། དགོན་པའི་ལས་སྣེ་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་སོང་།
དེ་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་རྣམ་གཉིས་ནས་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག པད་རྣམ་རིན་པོ་ཆེ་མཆོག་བཅས་ལ་མཇལ་ཁ་ཞུས་པ་དང་། དེ་ནས་ཟངས་མདོག་དཔལ་རིའི་ནང་གནས་མཇལ་ཕེབས་གནང་སོང་།
གཞན་ཡང་དེ་ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྣམ་གཉིས་འབྲས་ལྗོངས་ལུགས་གཤའ་མ་སྒྲུབ་སྡེ་ཕུན་ཚོགས་རྔ་ཡབ་དཔལ་རིར་ཆེད་ཕེབས་གནང་སྟེ། ཞིང་གཤེགས་དམ་པ་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་སྐུ་གདུང་མཇལ་ཁ་ཞུས་ཡོད་པ་བཅས། །