༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༢ ཉིན་ཨོསྟྲེ་ལི་ཡཱའི་གཞུང་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་སྐུ་ཞབས་ཇེམ་སི་མར་ཊིན་ལར་སེན་(James Matin Larsen) ལགས་ཀྱིས་ཨོསྟྲེ་ལི་ཡཱ་དང་། ཁེ་ན་ཊ། ཌེན་མཱརྐ། ཕིན་ལེནྜ། ཕ་རན་སཱི། ཇར་མ་ནཱི། ཨཱ་ཨིས་ལེནྜ། ཉི་འོང་། ལི་ཐུ་ནི་ཡཱ། ནི་དར་ལེནྜ། ནིའུ་ཛི་ལེནྜ། ནོར་ཝེ། སྭི་ཌན། ཨིན་ཡུལ། ཨ་རི་བཅས་རྒྱལ་ཁབ་བཅོ་ལྔའི་ཚབ་ཞུས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཆེན་ཐེངས་ ༧༩ པའི་ཐོག རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསྟན་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར། ཐུགས་འཚབ་ཡོད་པའི་མཉམ་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་གནང་བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་དགའ་བསུ་དང་བསྔགས་བརྗོད་གནང་ཡོད།
དེ་ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཨོསྟྲེ་ལི་ཡཱས་སྣེ་ཁྲིད་པའི་རྒྱལ་ཁབ་བཅོ་ལྔ་ནས་མཉམ་འབྲེལ་ཚོགས་ཀྱི་ཚོགས་ཆེན་ཐོག རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་དང་། དེ་བཞིན་དྲང་བདེན་དང་། འགྲོ་བ་མིའི་ཐོབ་ཐང་། ཞི་བདེ་ཡོང་ཐབས་སུ་སྙིང་སྟོབས་ཆེན་པོས་རྒྱབ་སྐྱོར་གནང་བར་དགའ་བསུ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱབ་སྐྱོར་འདི་ནི་དོན་སྙིང་ལྡན་པའི་གོམ་སྟབས་ཤིག་ཡིན་ནའང་། ད་དུང་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་སྤེལ་རྒྱུའི་སྲིད་བྱུས་འོག་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་དཀའ་ངལ་སེལ་ཐབས་སུ་ལས་དོན་མང་པོ་སྤེལ་རྒྱུ་ལྷག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་སུ་ཁྱེད་རྣམ་པས་མཉམ་རུབ་ཀྱིས་རྒྱབ་སྐྱོར་གནང་བ་འདིས་བོད་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་ཐུབ་པ་མ་ཟད། མ་འོངས་པར་མིང་དོན་མཚུངས་པའི་ཞི་བདེ་དང་དྲང་བདེན་སྒྲུབ་ཐབས་སུ་མུ་མཐུད་མཉམ་རུབ་ཀྱི་འབད་བརྩོན་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་ཡོད།
སྤྱིར་ད་ལྟའི་ཆར་བོད་ནང་གི་བོད་མི་ཚོས་ཞི་བདེའི་ངང་ནས་ཆབ་སྲིད་ཀྱི་ལྟ་བ་བརྗོད་པར་བཙོན་འཇུག་བྱེད་པ་དང་། འགྲུལ་བསྐྱོད་ལ་དམ་བསྒྲགས། བཙན་ཤེད་ཀྱི་ངལ་རྩོལ་སྒྱུར་བཀོད་བྱེད་པ། ཕྲུ་གུ་རྣམས་ནང་མི་དང་ཁ་བྲལ་ཏེ་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་གཏོང་བ། སྐད་ཡིག་དང་། རིག་གཞུང་། ཤེས་ཡོན། ཆོས་དད་རང་དབང་བཅས་ཀྱི་ཐོབ་ཐང་ཉམས་དམས་སུ་གཏོང་བཞིན་པ་བཅས་ལ་གཞིགས་ན། རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་དྲག་གནོན་ཅན་གྱི་བྱ་སྤྱོད་ཐད་སྐྱོན་བརྗོད་བསྒྲགས་གཏམ་ནན་པོ་གནང་བ་དེ་དག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་བོད་མི་རྣམས་ཀྱིས་མྱོང་བཞིན་པའི་སྡུག་བསྔལ་སེལ་བར་གལ་འགངས་ཆེ་བའི་ནུས་པ་འདོན་ཐུབ་པ་ངེས་ཡིན་པ་བཅས།།