༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༥ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འབུམ་སྡེ་ལ་ནས་རྟ་དབང་དུ་ཆེད་ཕེབས་གནང་ཞིང་། རྟ་དབང་དུ་མ་འབྱོར་གོང་སེ་ལ་ (Sela Tunnel) དུ་རྟ་དབང་ཐུབ་བསྟན་བཤད་སྒྲུབ་གླིང་གི་སྤྲུལ་སྐུ་བསྟན་འགྱུར་རིན་པོ་ཆེ་མཆོག་དང་། རྟ་དབང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བླ་མ་བཀྲ་ཤིས་ཆོས་རྒྱལ་ལགས་གཙོས་པའི་བོད་མི་ཁག་ཅིག་ནས་ཕེབས་བསུ་དང་གསོལ་ཇ་འདེགས་འབུལ་ཞུས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་དང་ལྷན་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གི་ཆོས་རིག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཕེབས་ཡོད།
དེ་ཡང་རྟ་དབང་དུ་ཕེབས་འབྱོར་གྱིས་ཉིན་རྒྱབ་རྟ་དབང་གི་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆོས་མཇལ་དང་། དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་འགྲེམས་སྟོན་ཁང་དུ་གཟིགས་སྐོར། དེ་བཞིན་ཉེ་ཆར་དབུ་འབྱེད་གནང་བའི་རྒྱ་གར་གྱི་དམག་དཔོན་བོབ་ཁ་ཏིང་ (Major Ralengnao Bob Khathing’s Memorial Museum) ལགས་ཀྱི་དྲན་རྟེན་འགྲེམས་སྟོན་ཁང་དུ་གཟིགས་སྐོར་དང་། སྨན་རྩིས་ཁང་གསར་རྒྱག་གི་ལས་གཞི་དང་། སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་གྲུབ་མཚམས་རྟ་དབང་གནས་སྡོད་བོད་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ང་ཚོའི་ལས་དོན་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་རྒྱུ་དང་། དེ་དང་ལྷན་དུ་རྒྱ་ནག་དང་འབྲེལ་བ་དང་གྲོས་མོལ་བྱ་རྒྱུ་དེ་ཡིན། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་གཏུག་བྱ་རྒྱུ་དང་ཁོང་ཚོའི་ཡིད་ཆེས་རྙེད་པར་བཟོ་དགོས། དེའི་ཆེད་དུ་ད་བར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༢༧ ནང་ཕྱིན་ཡོད་པ་མ་ཟད། ཁས་ལེན་ལྟར་ས་གནས་ཁག་ཏུ་ཐེངས་གཉིས་རེ་སྐོར་བསྐྱོད་བྱེད་བཞིན་ཡོད། འཛམ་གླིང་ནང་དུ་བཙན་བྱོལ་བ་དང་སྐྱབས་བཅོལ་བ་མང་དག་ཅིག་ཡོད་ཀྱང་བོད་མི་རྣམས་བཙན་བྱོལ་བ་གཞན་དང་མི་འདྲ་བ་ཆགས་ཡོད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པ་བཞིན་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པ་མ་གཏོགས་སྐྱབས་བཅོལ་བ་མིན། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་བརྟེན་ནས་བཙན་བྱོལ་དུ་འབྱོར་བ་ཡིན་ཞེས་དང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དང་ཨ་རི་དབར་གྱི་འབྲེལ་བ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༧༩ ནས་ཨ་རིར་ཆིབས་བསྒྱུར་གནང་བ་ལས་ཨ་རིའི་མི་རིགས་ནང་ཁོང་ལ་བརྩི་བཀུར་དང་། དད་གུས་ཞུས་པ་མ་ཟད་བོད་ཀྱི་གནད་དོན་ཐོག་དོ་སྣང་བྱེད་སྒོ་ཚུགས་ཏེ་ད་བར་ཨ་རི་དང་བོད་དབར་འབྲེལ་བ་ཡག་པོ་ཡོད་སྐོར་དང་འབྲེལ་ཨ་རིའི་སྲིད་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་བརྒྱུད་རིམ་སྐོར། དེ་བཞིན་བོད་ནང་ཆབ་སྲིད་ཀྱི་རང་དབང་མེད་ཚུལ་སྐོར་གསུང་སྐབས་རྒྱ་ནག་གཞུང་གིས་རྒྱུན་དུ་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཞིག་ཡིན་ཟེར་གྱི་ཡོད་ཅིང་། གལ་ཏེ་ལྷ་ཡུལ་ཞིག་ཡིན་ཚེ་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༧ ལྷག་གིས་རང་ལུས་མེར་སྲེག་བཏང་དགོས་དོན་མེད་ཅེས་ངས་འགྲེལ་བརྗོད་རྒྱག་བཞིན་ཡོད་ཅེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་ཕན་ཡོན་སྐོར་འགྲེལ་བརྗོད་དང་། དེར་རྒྱ་ནག་གཞུང་གིས་ད་བར་བརྡ་ལན་མེད་སྐོར་གསུངས།
དེ་མཚུངས་རྒྱ་གཞུང་གིས་བོད་ནང་དུ་བོད་པའི་གཞོན་སྐྱེས་རྣམས་མི་རིགས་བཙན་བསྒྱུར་བྱེད་བཞིན་པའི་སྐོར་དང་། ལྷག་པར་ཟླ་ཤས་སྔོན་དུ་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པའི་གནས་ཚུལ་དང་། ལོ་ན་ ༡༨ མན་གྱི་སློབ་ཕྲུག་རྣམས་དགོན་སྡེ་ཁག་ནས་བཙན་གྱི་ཕུད་བཏང་སྟེ་གཏན་འཇགས་སློབ་གྲྭར་བཙན་འཛུགས་བྱས་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཞིང་། བོད་ནང་དུ་སྐད་ཡིག་དང་ཆོས་ཕྱོགས། ཆབ་སྲིད་གང་ཅིའི་ཐད་ནས་རང་དབང་མེད་སྟབས་བཙན་བྱོལ་ནང་གི་བོད་པའི་གཞོན་སྐྱེས་རྣམས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་རིན་ཐང་ཤེས་དགོས་གལ་སྐོར་གསུངས།
དེ་བཞིན་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་མ་གཏོགས། སོག་པོ་དང་། ཡུ་གུར། མན་ཆུ་བཅས་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཀྱི་མེད་པའི་རྒྱུ་མཚན་གཙོ་བོ་ནི། བོད་ལ་དབང་བསྒྱུར་བྱེད་པའི་ཁྲིམས་མཐུན་གནས་བབ་མེད་པས་འཛམ་གླིང་ཐོག་རྒྱབ་སྐྱོར་བླངས་བཞིན་ཡོད། དེ་དག་ང་ཚོས་ཤེས་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྲེལ་བརྗོད་རྒྱག་ཐུབ་པ་དགོས་སྐོར་སོགས་གསུངས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་གཞིས་སྤོ་ལས་གཞི་དང་། རྒྱ་གར་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སོགས་ཀྱི་དོགས་དྲིར་ཁག་ལ་ལན་འདེབས་གནང་ཡོད། །