༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣ རེས་གཟའ་ཉི་མའི་ཉིན་བེལ་ཇི་ཡམ་གྱི་མཚོ་ཁའི་གྲོང་ཁྱེར་ཨོ་སི་ཊན་ཌི་རུ་བེལ་ཇི་ཡམ་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ལྟེ་གནས་ཁང་གི་གོ་སྒྲིག་འོག་སྔ་དྲོ་ཚོུད་ ༡༠ ཐོག་བོད་རིགས་གཞོན་སྐྱེས་གཙོ་བྱས་པའི་རང་རིགས་དོན་གཉེར་ཅན་མི་གྲངས་ ༣༠ སྐོར་ཞིག་ལ་བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད། གཞན་ཡང་བེལ་ཇི་ཡམ་ནང་གནས་བཞུགས་བོད་རིགས་གཞོན་སྐྱེས་རྣམས་ལ་སོ་སོའི་མདུན་ལམ་འདེམས་ཕྱོགས་དང་ཤེས་ཡོན་གྱི་གོ་སྐབས་དམ་འཛིན་ཇི་གནང་བཅས་ཀྱི་ཐོག་ཉིན་གཅིག་རིང་ཟབ་སྦྱོང་གནང་ཡོད།
མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་བཏུད་མཚོན་ཕྱིར་སྐར་མ་གཅིག་རིང་ངག་བཅད་གནང་རྗེས་ཚོགས་པའི་རྩིས་པ་བློ་བཟང་ཚུལ་ཁྲིམས་ལགས་ནས་གསུང་དོན། ད་ལན་གྱི་ཟབ་སྦྱོང་འདི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་ཐེངས་དང་པོའི་སྐབས་གཞོན་སྐྱེས་གྲངས་ ༣༠ ཙམ་ཕེབས་ཡོད་པ་ལྟར། ཕན་ཐོགས་ཆེན་པོ་བྱུང་རྐྱེན་ད་ལན་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཆགས་ཡོད། འབྱུང་འགྱུར་ཡང་དབུ་མའི་ལམ་དང་འབྲེལ་ནས་ཟབ་སྦྱོང་གོ་སྒྲིག་གནང་འཆར་ཡོད་སྐོར་ངོ་སྤྲོད་གནང་སོང་།
དེ་ཡང་ཐེངས་འདིའི་ཟབ་སྦྱོང་ཐོག་ཟབ་ཁྲིད་པ་གཙོ་བོ་དེ་སྔ་ལྟར་སྦར་སིལ་སྐུ་ཚབ་དོན་ཁང་གི་ཡུ་རོབ་བོད་དོན་ཞུ་གཏུག་གི་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་གདན་ཞུས་ལྟར་ངོ་བཅར་ཞུས་ཡོད་པ་དང་། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྒྲོམ་གཞི་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ངོ་སྤྲོད་གནད་སྨིན་གནང་། མང་ཚོགས་ཁྲོད་ནས་ཐུགས་སྣང་ཆེ་པོས་དོགས་འདྲི་ཕེབས་ཁག་ལ་གསལ་འདེབས་བཅས་གནང་།
གཞན་ཡང་ཚོགས་བཅར་བ་རྣམས་སེམས་འགུལ་ཐེབ་པ་ཞིག་བཟོ་ཆེད་དང་བོད་ནང་གི་གནས་ཚུལ་རྣམས་མཁྱེན་རྟོགས་ཆེད་བར་ལམ་བོད་མའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་དམིགས་བསལ་བཟོ་བསྐྲུན་ཞུས་པའི་དངོས་བྱུང་གློང་བརྙན་ (A liberation that never was: 70 years of occupation & repression in Tibet) ཞེས་པ་དེ་བཞིན་ཞོར་བྱུང་གཟིགས་འབུལ་ཞུས་པར་སེམས་ཚོར་སྐྱེན་པོས་ཚང་མའི་མིག་ནང་མིག་ཆུས་བརླན་པར་བྱས་སོང་།
མཐར་བེལ་ཇི་ཡམ་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་ཚེ་རིང་དོན་གྲུབ་ལགས་ནས་དམིགས་བསལ་ཕ་མ་རྣམ་པར་བེལ་ཇི་ཡམ་ནང་གི་སློབ་གྲྭའི་འགྲོ་སྟངས་དང་། བསླབ་གཞི་རྩ་འཛིན་ཇི་ཡོད། དེ་བཞིན་ཕ་མས་རང་ཉིད་ཀྱི་ཕྲུ་གུའི་མི་ཚེའི་མདུན་ལམ་ཐོག་དོ་འཁུར་གནང་བའི་གལ་གནད་བཅས་འགྲེལ་བརྗོད་གནང་གྲུབ་བསྟུན་ལས་འགུལ་ཁང་གི་འབྲེལ་ལས་བྱམས་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །