༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྣམ་གཉིས་ནས་མོན་ཡུལ་འབུམ་སྡེ་ལ་དགོན་ཐུབ་མཆོག་དགའ་ཚལ་གླིང་གྲྭ་ཚང་དུ་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་ཁ་ཞུས་གནང་ཡོད།
གཞན་ཡང་དེ་ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྣམ་གཉིས་ནས་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་བློ་བཟང་ (Lobsang Genchen, Regional Core Group for Tibetan Cause) ལགས་ཀྱིས་གཙོས་ཚོགས་མི་ཁག་ཅིག་མཇལ་འཕྲད་དང་། ཉིན་རྒྱབ་ཨི་ཊ་ན་གྷར་ལ་རྟེན་གཞི་བྱས་པའི་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Support Group, Arunachal Pradesh) ཡི་ཚོགས་གཙོ་དང་། མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཊར་ ཏ་རག་ (Tarh Tarak) ལགས་དང་། དྲུང་ཆེ་ཉི་མ་སེངྒེ་ལགས་ཀྱིས་གཙོས་ཚོགས་མི་ཁག་ཅིག་དང་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་རྡོ་རྗེ་ཚེ་རིང་ལགས། དེ་བཞིན་འབུམ་སྡེ་ལ་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་པའི་ཚོགས་གཞོན་སངས་མཁའ་འགྲོ་མོ་སོ་བྷི་ (Sang Khandu Mosobi) ལགས་བཅས་དང་ལྷན་སོ་སོར་མཇལ་འཕྲད་རིམ་པས་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་སྣེ་རྣམ་པས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་རྣམ་གཉིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་པར་དགའ་བསུ་དང་། ཚོགས་སྡེ་སོ་སོས་བོད་དོན་ལས་དོན་སྤེལ་བ་ཁག་སྙན་སེང་དང་། བོད་དོན་ཐོག་ཁོང་རྣམ་པའི་ངོས་ནས་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་འགྲེལ་བརྗོད། བོད་ནས་མོན་ཡུལ་ནང་ཆོས་དང་། རིག་གཞུང་དར་ཁྱབ་བྱུང་བའི་སྐོར་དང་། མོན་དང་བོད་ཀྱི་ས་མཚམས་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་དང་། ཨ་རུ་ན་ཅལ་མངའ་སྡེའི་མི་མང་དབར་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པ་དེ་དག་མུ་མཐུད་སྔར་ལྷག་དགོས་པའི་སྐོར་དང་། མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ངོས་ནས་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་རྒྱུས་མཚོན་པའི་ས་གནས་སུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་མངའ་སྡེ་ཁག་དང་། རྒྱལ་སྤྱིའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་པའི་སྐོར་ངོ་སྤྲོད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྤྱི་ཡོངས་ཀྱི་གྲུབ་འབྲས་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་འབྱུང་འགྱུར་ཉི་འོང་ནང་འཚོག་འཆར་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
དེ་རྗེས་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོར་གནས་གཟིགས་ལ་ཕེབས་ཤིང་། དེའི་སྐབས་དགོན་པའི་ཕྱག་མཛོད་ནས་སྣེ་ལེན་དང་དགོན་པའི་གནས་སྟངས་སྐོར་ངོ་སྤྲོད་སྙན་སེང་དང་། གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས་གནང་སོང་། དེ་ཉིན་ལས་རིམ་སྐབས་འབུམ་སྡེ་ལ་འབྲེལ་མཐུད་པ་བསྟན་འཛིན་ལྷ་རྒྱལ་ལགས་མཉམ་བཅར་ཞུས་པ་བཅས། །