༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢ ནས་ ༨ བར་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་རྒྱལ་ཁབ་ཇར་མན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡༡ པའི་ཚེས་ ༢ ཉིན་རྒྱལ་ས་ལྡི་ལི་ནས་ཇར་མན་རྒྱལ་ས་བྷར་ལེན་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣ ནས་ ༥ བར་ས་གནས་ལས་རིམ་བསྐྱང་རྒྱུ། ཕྱི་ཚེས་ ༦ ནས་ ༨ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །