༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭའི་ཡིག་ཚང་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཚུ་ཆོད་ ༡༠༌༠༠ ཐོག་སཾ་བྷོ་ཊའི་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་དགེ་རིན་ཆེན་སྒྲོལ་མ་ལགས་ཀྱིས་སྣེ་འཁྲིད་འོག་སློབ་མ་གྲངས་ ༡༦ ལ་སློབ་ཚན་དང་འབྲེལ་ཁྲིམས་ལུགས་ཀྱི་སྤྱིའི་འགྲོ་སྟངས་དང་། ལྷག་པར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་སྒྲོམ་གཞི་བཅས་ཤེས་རྟོགས་ཆེད་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་དུ་ཤེས་ཡོན་གཟིགས་སྐོར་ཞིག་གནང་འདུག
སྐབས་དེར་ས་གནས་ཁྲིམས་དྲུང་ཟླ་བ་ཆོས་སྒྲོན་ལགས་ནས། སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ངོ་སྤྲོད་དང་། ཁྲིམས་ལུགས་དབང་འཛིན་གྱི་གལ་གནད་དང་ཁྱབ་ཚད། སྤྱི་མང་ཁྲིམས་དང་ཉེས་ཁྲིམས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དང་རྒྱ་གར་ཁྲིམས་ཁང་གི་རིམ་པ་སོ་སོའི་ངོ་སྤྲོད། རྒྱ་གར་ཁྲིམས་ཀྱི་འགྲོ་ལུགས་ལ་དཔེ་བསྡུར་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་གོ་རྟོགས་སྤེལ་གནང་འདུག་པ་དང་། དེ་ནས་སློབ་མ་རྣམས་ཀྱི་རྒྱ་གར་ཁྲིམས་དང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་འགྲོ་ལུགས་དང་། ཁ་མཆུའི་ངོ་བོ། ཁ་མཆུ་ཞུ་གཏུག་ཆེ་རྐྱེན། རྒྱ་གར་དང་བོད་པའི་སྤྱི་ཚོགས་ལ་དཔེ་བཞག་ནས་གནད་དོན་མང་དག་ཅིག་ཐོག་དོགས་འདྲི་ཞུས་པ་ཁག་ལ་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས་ནས་སྐབས་མཚམས་ལན་འདེབས་གསལ་བཤད་གནང་འདུག་པ་བཅས། །