༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༢ ཉིན་ཨོསྟྲེ་ལི་ཡཱའི་གཞུང་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་སྐུ་ཞབས་ཇེམ་སི་མར་ཊིན་ལར་སེན་(James Matin Larsen) ལགས་ཀྱིས་རྒྱལ་ཁབ་བཅོ་ལྔའི་ཚབ་ཞུས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་ཚོགས་ཆུང་གི་བསྐྱར་ཞིབ་ཚོགས་ཆེན་ཐེངས་ ༧༩ པའི་ཐོག རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསྟན་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར། ཐུགས་འཚབ་ཡོད་པའི་མཉམ་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད།
དེ་ཡང་ཨོསྟྲེ་ལི་ཡཱ་དང་། ཁེ་ན་ཊ། ཌེན་མཱརྐ། ཕིན་ལེནྜ། ཕ་རན་སཱི། ཇར་མ་ནཱི། ཨཱ་ཨིས་ལེནྜ། ཉི་འོང་། ལི་ཐུ་ནི་ཡཱ། ནི་དར་ལེནྜ། ནིའུ་ཛི་ལེནྜ། ནོར་ཝེ། སྭི་ཌན། ཨིན་ཡུལ། ཨ་རི་བཅས་རྒྱལ་ཁབ་བཅོ་ལྔའི་ཚབ་ཞུས་ཏེ། གཞུང་ཚབ་ལར་སེན་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས་པའི་རྒྱལ་ཚོགས་དང་འབྲེལ་ཡོད་ཚོགས་པ་ཁག་གི་ཞིབ་འཇུག་གྲུབ་དོན་གཞིར་བཟུང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསྟན་ནང་གྲངས་ཉུང་མི་རིགས་རྣམས་ལ་དམ་བསྒྲགས་དང་། རང་དགར་འཛིན་བཟུང་། ནང་མི་ཁ་བྲལ། བཙན་དབང་གིས་གར་སོང་ཆ་མེད་གཏོང་བ། བཙན་དབང་ངལ་རྩོལ་སོགས་ཀྱི་བརྒྱུད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་བསྟན་ཡོད་པ་མ་ཟད། ལོ་གཉིས་སྔོན་སྤེལ་བའི་ཞིབ་འཇུག་སྙན་ཐོའི་ནང་། ཛ་དྲག་གནས་ཚུལ་དེ་དག་ནི་འགྲོ་བ་མིའི་རིགས་ལ་བཙན་ཉེས་བཏང་བ་དང་ཕལ་ཆེར་གཅིག་མཚུངས་ཡིན་པ་གསལ་སྟོན་བྱས་ཡོད།
བསྒྲགས་གཏམ་དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཇེ་ཆེར་བསྟན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གིས་རྒྱ་ནག་གཞུང་ནས་བོད་ནང་ཞི་བའི་ངང་ཆབ་སྲིད་ཀྱི་ལྟ་བ་བཤད་པར་རང་དགར་འཛིན་བཟུང་དང་། འགྲུལ་བསྐྱོད་དམ་བསྒྲགས། བཙན་དབང་ངལ་རྩོལ། མི་སེར་སྤེལ་ཡུལ་གཏན་སློབ་ཁག་ཏུ་བོད་ཕྲུག་རྣམས་བཙན་འཇུག་གིས་ཕ་མ་དང་ཁ་བྲལ་གཏོང་བ། བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་རྩ་མེད་གཏོང་བཞིན་པའི་སྐོར་གནས་ཚུལ་ཞིབ་ཕྲ་བསྟན་པ་རྣམས་གསལ་བཤད་བྱས་ཡོད།
དེ་བཞིན་གཞུང་ཚབ་ལར་སེན་ལགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་ཡང་ནས་ཡང་དུ་ཕྱི་གསལ་ནང་གསལ་ཡོང་བའི་རེ་སྐུལ་བྱས་ཀྱང་། རྒྱ་ནག་གཞུང་གིས་རེ་སྐུལ་དེ་དག་ལ་སྣང་མེད་ཀྱིས་འདི་ལོའི་ཟླ་བ་ ༠༧ ནང་རྒྱལ་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་དུས་བཀག་བསྐྱར་ཞིབ་གཏན་འབེབས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོ་དེ་ཁྲིམས་འགལ་ནུས་མེད་རེད་བཤད་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༠༨ སྤེལ་བའི་གསལ་བསྒྲགས་ལྟར་ན། རྒྱ་ནག་གིས་ད་དུང་ཡང་ཤར་ཏུར་ཀིསྟན་ནང་གི་སྲིད་བྱུས་ཁག་ལ་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་བྱས་མེད་པ་མ་ཟད། རྒྱལ་ཁབ་བདེ་འཇགས་དང་དྲག་སྤྱོད་ངོ་རྒོལ་གྱི་ཁྲིམས་ལུགས་རྩོད་གཞི་ཅན་དེར་འགྱུར་བ་གང་ཡང་བཏང་མེད་པ་གསུངས།
ཕྱོགས་མཚུངས་རྒྱལ་ཁབ་བཅོ་ལྔས་རྒྱ་ནག་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་ལག་བསྟར་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཚན་གཞན་གྱི་རྒྱབ་གཉེར་ཆ་ཚང་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། དེའི་ནང་ཤར་ཏུར་ཀིསྟན་དང་བོད་ནང་རང་དགར་འཛིན་བཟུང་བྱས་པའི་མི་སྣ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་རྣམས་ཀྱི་གནས་སྟངས་གསལ་པོ་བཟོ་དགོས་པ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ལྟ་ཞིབ་པ་རྣམས་ལ་ས་ཁུལ་དེ་དག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལྟ་ཞིབ་བྱེད་པར་དམ་བསྒྲགས་མེད་པའི་ཐོག་ནས་ཕེབས་བཅུག་དགོས་པའི་རེ་འདུན་བཏོན་ཡོད།
མཉམ་སྦྲེལ་བསྒྲགས་གཏམ་གྱི་མཇུག་ཏུ་གཞུང་ཚབ་ལར་སེན་ལགས་ཀྱིས། རྒྱལ་ཁབ་ཚང་མའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རྩེ་ཕུད་མེད་ནའང་། རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་སྤྱི་སྲོལ་ལ་བརྩི་སྲུང་དགོས་སྐོར་ནན་བརྗོད་གནང་བ་མ་ཟད། འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་བར་སྤྱི་ཡོངས་ཀྱི་འགན་འཁུར་ལེན་དགོས་པའི་འབོད་སྐུལ་ཞུས་ཡོད།
མཉམ་སྦྲེལ་བསྒྲགས་གཏམ་འདིས། རྒྱ་ནག་གིས་རང་གི་མངའ་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་རྒྱལ་སྤྱིའི་སྐྱོན་འཛུགས་དང་གནོན་ཤུགས་མུ་མཐུད་སྤྲོད་ཀྱི་ཡོད་པ་མཚོན་ཞིང་། དེ་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འབྲེལ་ལམ་ལ་མདུན་སྐྱོད་ཆེན་པོ་ཞིག་ཕྱིན་པ་མཚོན་གྱི་ཡོད་པ་བཅས།།