༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སུད་སི་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཇར་མན་ནཱི་རྒྱལ་ས་སྤར་ལིན་དུ་ཡོད་པའི་ཐེ་ཝན་དོན་གཅོད་ཁང་གིས་མགྲོན་འབོད་ལྟར། དོན་གཅོད་ཁང་གི་གསོལ་ཚིགས་ཤིག་ལ་བཅར་བ་མ་ཟད། ཐེ་ཝན་དོན་གཅོད་ཁང་གི་དོན་གཅོད་ཞེ་ཀྲི་ཝེ་ (Dr.Jhy-Wey Shieh) ལགས་དང་མཇལ་འཕྲད་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༣ ཉིན་སུད་སི་སྐུ་ཚབ་དོན་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཐེ་ཝན། ཧོང་ཀོང་། ཤར་ཏུ་ཀིས་ཐན། བོད། སོག་པོ་དང་རྒྱ་རིགས་མཉམ་འབྲེལ་ཐོག་རྒྱ་ནག་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་ཏེ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ངོ་ ༧༥ དང་རྒྱ་ནག་གི་མང་གཙོ་བགྲོ་གླེང་ཚོགས་འདུ་ཟེར་བར་མཉམ་ཞུགས་ཆེད་ཇར་མན་ནཱི་རྒྱལ་ས་སྤར་ལིན་དུ་འབྱོར་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༡༨།༣༠ ཐོག་སྤར་ལིན་དུ་བཞུགས་པའི་ཐེ་ཝན་དོན་གཅོད་ཁང་གིས་གསོལ་ཚིགས་ལ་མགྲོན་པ་གནང་བ་ལྟར་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་ཆེད་བཅར་གནང་ཡོད་པ་མ་ཟད། ཐེ་ཝན་དོན་གཅོད་ཞེ་ཀྲི་ཝེ་ལགས་དང་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་སྐབས་སུ་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་དོན་གཅོད་ལ་མཇལ་དར་ཕུལ་བ་དང་མཉམ་དུ་ཐེ་ཝན་གཞུང་དམངས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་དང་། མ་འོངས་པར་ཡང་མུ་མཐུད་རྒྱབ་སྐྱོར་གནང་དགོས་པ་ཞུས་ཡོད་པ་དང་། ཐེ་ཝན་དོན་གཅོད་ཀྱིས་ཡིན་དང་ཡིན། ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་དངོས་སུ་མཇལ་བ་དགའ་པོ་བྱུང་ཟེར།
དེ་བཞིན་གསོལ་ཚིགས་སྐབས་སུ་བོད་ནང་ལ་འཕྲད་བཞིན་པའི་དཀའ་ངལ། རྒྱ་ནག་གཞུང་དང་རྒྱ་རིགས་ཀྱིས་བོད་པའི་ཐོག་འཛིན་པའི་སྲིད་བྱུས་དང་ལྟ་སྟངས། དེ་བཞིན་བཀའ་ཤག་ནས་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པར་བོད་པ། རྒྱ་རིགས། ཐེ་ཝན། སོག་པོ། ཧོང་ཀོང་སོགས་ཀྱི་ནུས་སྟོབས་གཅིག་སྒྲིལ་ཐོག་ལས་འགུལ་སྤེལ་དགོས་པའི་ལམ་སྟོན་ཡོད་པ་དང་། དེའི་ཕྱོགས་ལ་མདུན་སྐྱོད་བྱེད་བཞིན་ཡོད་པ་སོགས་ཞུས།
དེ་ནས་དོན་གཅོད་ཀྱིས་རྒྱ་ནག་གཞུང་གིས་བཙན་གནོན་དང་འཇིགས་སྐུལ་བྱེད་ཡུལ་གྱིས་བོད། ཐེན་ཝན། ཧོང་ཀོང་། སོག་པོ། ཤར་ཏུ་ཀིས་ཐན་དང་རྒྱ་རིགས་སོགས་མཉམ་འབྲེལ་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། དཔའ་ཁེ་རྒྱུགས་བྱས་ཚེ་ནུས་པ་ཆེན་པོ་མིན་ཐོན་པས་མཉམ་ལས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་བཀའ་མོལ་ཞིབ་ཞིང་རྒྱས་པ་གནང་སོང་།
གསོལ་ཚིགས་སུ་ཧོང་ཀོང་། སོག་པོ། རྒྱ་རིགས་སོགས་ཀྱི་སྐུ་ཚབ་བཅས་མི་བཅུ་བཞི་ཕེབས་ཡོད། ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་རྒྱ་རིགས་ཀྱི་ཚོགས་པ་ཡུ་རོབ་ཀྱི་འབོད་སྒྲ། ཨིན་ཇི་རྒྱལ་ཁབ་དུ་ཡོད་པའི་རྒྱ་ནག་མང་གཙོ་ཚོགས་པའི་སྤྱི་ཁྱབ་ལས་ཁང་། རྒྱ་ནག་མང་གཙོའི་མཉམ་འབྲེལ། ཐེ་ཝན་མང་གཙོ་ཐེབས་རྩ་བཅས་ནས་གོ་སྒྲིག་བྱས་པའི་ཐེ་ཝན། ཧོང་ཀོང་། ཤར་ཏུ་ཀིས་ཐན། བོད། སོག་པོ་དང་རྒྱ་རིགས་མཉམ་འབྲེལ་ཐོག་རྒྱ་ནག་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་ཏེ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ངོ་ ༧༥ དང་རྒྱ་ནག་གི་མང་གཙོ་བགྲོ་གླེང་ཚོགས་འདུ་ཟེར་བ་ཚོགས་རྒྱུ་ཡིན་པ་རེད། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དྲ་ཐོག་ནས་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་ཡིན་པ་བཅས། །