༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས། ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་ཕ་རན་སི་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕ་རན་སིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་གཞོན་པ་སྐུ་ཞབས་ཐོ་མ་སེ་ པཡེ་ནཱ་ (Thomas Piana) མཆོག་དང་ལྷན་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་སོགས་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད།
དེ་རྗེས་བོད་མི་མང་སྤྱི་འཐུས་རྣམ་པས་ (Le Museum Quai Branly) ཞེས་པའི་འགྲེམས་སྟོན་ཁང་གི་ཚན་རིག་འགན་འཛིན་ལྕམ་སྐུ་ཨེ་ནི་ སོ་ལེ་ནེ་ རོ་ལན་ཌི་ (Anne- Solene Rolland) མཆོག་དང་ལྷན་མཇལ་འཕྲད་ཀྱིས་སྔོན་ལྟར་བོད་ཀྱི་མིང་ (Tibet) རང་སོར་བཞག་པར་བསྔགས་བརྗོད་དང་འབྲེལ། སྤྱི་ཡོངས་ཀྱི་བོད་པའི་ལོ་རྒྱུས་སྐོར་ཞིབ་ཕྲ་འགྲེལ་བརྗོད་དང་། དེ་བཞིན་ (Museum Guimet) ཞེས་པའི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཕེབས་ཏེ། བོད་ཀྱི་མིང་ (Tibet) ཞེས་པའི་ཚབ་ཏུ་ཇི་ལྟར་ (Himalayan World) ཞེས་པར་བསྒྱུར་བའི་སྐོར་སོགས་ལ་ཞིབ་ཕྲ་རྒྱུས་ལོན་གནང་ཡོད་པ་དང་། དེ་ནས་ཕ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་འགན་འཛིན་སྐུ་ཞབས་བྷེ་ནའོ་ཊི་ གྷཡེ་ཌེ་ (Benoit Guidee) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཞིབ་ཕྲ་སྙན་སེང་ཞུས་ཡོད་འདུག
ཕྱི་ཚེས་ ༢༢ ཉིན་སྔ་དྲོ་ཕ་རན་སི་རྒྱལ་ས་པ་རི་སེའི་རྫོང་ཁག་བཅུ་གཅིག་གི་རྫོང་དཔོན་སྐུ་ཞབས་ཕ་རན་ཀོཡེ་སི་ ཝག་ལིན་ (Mr. Francois Vauglin) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། ཕ་རན་སི་གནས་སྡོད་བོད་མི་རྣམས་ཀྱི་ཕྲལ་ཕུགས་རྒྱང་གསུམ་གྱི་བདེ་སྡུག་སྐོར་སྙན་སེང་ཞུས་རྗེས། རྫོང་དཔོན་མཆོག་གིས་སྙན་སེང་ཞུས་པའི་གནད་དོན་ཐོག་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག
དེ་རྗེས་ཡུལ་དེའི་ཉིན་རེའི་གསར་ཤོག་ (Le Monde) ཞེས་པའི་གསར་འགོད་པ་སྐུ་ཞབས་སི་མོན་ ལེ་པེ་ལ་ཊི་རི་ (Mr. Simon Leplatre) ལགས་ཀྱིས་བཅར་འདྲིར་ལན་འདེབས་ཞུས་པ་དང་། ཉིན་རྒྱབ་པ་རི་སེར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ནེ་ ས་ཝི་ནེལ་ བྷ་རཱ་སེ་ (Anne Savinel-Barras) མཆོག་དང་། ངེས་སྟོན་པ་སེ་ལེབ་ བྷ་རི་གྷོ་ཊ་ (Sylvie Brigot) ལགས་དང་ལྷན་མཇལ་འཕྲད་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སོགས་ཞུས་པ་མ་ཟད། ཁོང་གིས་དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་ཨེལ་སཱ་ཇོ་སེ་ཕི་ (Elsa Josephe) མཆོག་དང་། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་བཅས་རྣམ་པ་གཉིས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་ལྷུགས་པོ་གནང་ཡོད་འདུག
མཇལ་འཕྲད་སྐབས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་འདུག་པ་བཅས། །