༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་སུད་སི་ཇི་ནི་ཝ་གནམ་ཐང་དུ་ཕེབས་འབྱོར་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་ལས་བྱེད་ཕུན་ཚོགས་སྟོབས་རྒྱས་ལགས། རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས། དོན་ཁང་རྩིས་པ་བསྟན་འཛིན་ཆོས་བཟང་ལགས། ཇི་ནི་ཝ་བོད་རིགས་ཚོགས་པའི་ཚོགས་གཙོས་དབུས་པའི་ས་གནས་བོད་མི་ཁག་ཅིག་ནས་ཕེབས་བསུ་ཞུས་པ་དང་། དགོང་མོ་སྤྱི་འཐུས་རྣམ་པས་སུད་སི་ཇི་ནི་ཝ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སི་ཌི་རིག་ ཇི་ནེའི་ རེ་ཌི་ (Cédric JEANNERET) མཆོག་དང་། ཕ་རན་སི་སྐད་ཡིག་བདེ་སྤྱོད་བྱེད་མཁན་སུད་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་འདུག
ཕྱི་ཚེས་ ༢༠ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པར་དོན་ཁང་དང་། ལས་བྱེད་སོ་སོའི་ལས་དོན་སྐོར་ངོ་སྤྲོད་དང་འབྲེལ། དོན་གཅོད་ལས་ཁུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། བོད་དོན་ཞུ་སྐུལ་གནང་ཕྱོགས་བཅས་ཀྱི་ཐད་ཟབ་སྦྱོང་ཚོགས་གནང་ཡོད་འདུག་པ་བཅས། །