༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས། ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་ཕ་རན་སི་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པ་ཐོག་མར་ཕ་རན་སིའི་གཟའ་མཇུག་སློབ་གྲྭའི་དགེ་སློབ་རྣམས་དང་ཐུག་འཕྲད་གནང་བ་དང་། དེ་རྗེས་ (Guimet) འགྲེམས་སྟོང་ཁང་གིས་ (Tibet) ཞེས་པའི་ཚབ་ལ་ (Le Monde Himalayan) ཞེས་བེད་སྤྱོད་བྱས་པར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ངོ་རྒོལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་མཉམ་ཞུགས་དང་། དེ་བཞིན་ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲོག་འོག དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༠༣ ནས་ ༠༧ བར་སྤྱི་འཐུས་རྣམ་པས་ས་གནས་མི་མང་དང་མཉམ་དུ་ཚོགས་འདུ་དང་། དྲི་བ་དྲིས་ལན་སོགས་གནང་ཡོད་འདུག
དེ་ཉིན་ལས་རིམ་སྐབས་སྤེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། ཕ་རན་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་འདུག་པ་བཅས། །