༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ལ་དྭགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༡༤ ནས་ ༡༨ བར་ལ་དྭགས་བྱང་ཐང་ནུ་མ་དང་། བཀག་གཞུང་། རྒོད་ཡུལ། ཧེན་ལེ། ཆུ་མུར། སུམ་མདོ། ས་སྨད་བཅས་སུ་གཟིགས་སྐོར་དང་། མི་མང་ཐུག་འཕྲད། ས་གནས་ཀྱི་གནས་སྟངས་གཟིགས་ཞིབ་གནང་བ་སོགས་ཐེངས་འདིའི་ལ་དྭགས་བྱང་ཐང་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་གནང་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཤྲི་ན་གྷ་དང་། དཀར་འཁྱིལ། དེ་བཞིན་ལ་དྭགས་སླེ་ཁུལ་ལ་ཉིན་གསུམ་རིང་གི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༤ ཉིན་གྱི་ཞོགས་པར་ལ་དྭགས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དོན་འགྲུབ་ཚེ་རིང་ལགས་དང་། ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས། ལས་དྲུང་ཀརྨ་རིན་ཆེན་ལགས། བྱང་ཐང་འབྲེལ་མཐུད་པ་བསྟན་འཛིན་ཀུན་བཟང་ལགས་བཅས་ཀྱི་ལྷན་ལ་དྭགས་རྒྱལ་ས་སླེ་ལྕོགས་ལམ་ས་ནས་བྱང་ཐང་ཕྱོགས་སུ་ཕེབས་ཐོན་གྱིས་ཉིན་གུང་མ་ཧེ་དགོན་པའམ་ཀརྨ་ཐུབ་བསྟན་ཆོས་འཁོར་གླིང་དགོན་པ་རུ་ཕེབས་འབྱོར་རྗེས། མཆོད་མཇལ་དང་དགོན་པའི་གནས་སྟངས་ཐོག་རྒྱུས་ལོན་གནང་འདུག
དེ་རྗེས་སྤྱི་འཐུས་རྣམ་གཉིས་ནུ་མ་འབྲོག་སྡེ་རུ་ཕེབས་འབྱོར་སྐབས། ནུ་མ་བོད་ཁྱིམ་ཡན་ལག་སློབ་གྲྭར་གཟིགས་སྐོར་དང་། གནས་སྟངས་རྒྱུས་ལོན་གནང་ཞིང་། སྐབས་དེར་སློབ་ཕྲུག་རྣམས་ནས་བོད་པའི་སྲོལ་རྒྱུན་གྱི་གཏམ་དཔེ་ངག་སྐྱོར་བྱེད་རྒྱུས་མཚོན་པའི་གཟིགས་འབུལ་སྣ་ཚོགས་གནང་རྗེས། ནུ་མ་འབྲོག་སྡེའི་ས་ཆ་གསར་པར་གཟིགས་སྐོར་དང་། དགོང་དྲོ་ཆུ་ཚོད་ ༠༦།༠༠ ཐོག་ནུ་མ་འབྲོག་སྡེའི་མི་མང་ཚོགས་ཁང་དུ་ཚོགས་འདུ་བསྐོངས་ཤིང་། དེའི་སྐབས་སྤྱི་འཐུས་རྣམ་གཉིས་ནས་མི་མང་ལ་གསུང་བཤད་དང་། མི་མང་གི་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་རྒྱས་གནང་འདུག
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོར་ནུ་མ་འབྲོག་སྡེ་ནས་སྤྱི་ལེ་ལྔ་བཅུ་ཙམ་གྱི་མཚམས་སུ་ཡོད་པའི་བཀག་གཞུང་འབྲོག་སྡེ་རུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། བཀག་གཞུང་འབྲོག་སྡེའི་མི་མང་རྣམས་ནས་ཕེབས་བསུ་དང་། དེ་རྗེས་ཚོགས་ཁང་དུ་མི་མང་ཚོགས་འདུ་བསྐོངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་མི་མང་ལ་གསུང་བཤད་དང་། མི་མང་གི་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་རྒྱས་གནང་འདུག
རྒོད་ཡུལ་འབྲོག་སྡེ་རུ་མཛད་རིམ་ཁག་ཡོངས་སུ་གྲུབ་རྗེས། ཕྱི་དྲོ་ཧེན་ལེ་འབྲོག་སྡེ་རུ་ཕེབས་འབྱོར་སྐབས། ཧེན་ལེ་ས་གནས་ཀྱི་འགོ་པ་དང་། ས་འཐུས་ཚོགས་མི། དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མིས་གཙོས་པའི་མི་མང་ནས་མཇལ་དར་འཕྱར་བཞིན་གྲོ་སོ་ཕྱེ་མར་བཏེགས་ཏེ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པ་དང་། དེ་རྗེས་མི་མང་ཚོགས་ཁང་དུ་མི་མང་འདུ་འཛོམས་ཐོག སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་རྒྱས་གནང་འདུག
ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་ལ་བྱང་ཧན་ལེའི་བོད་ཁྱིམ་ཡན་ལག་སློབ་གྲྭར་གཟིགས་སྐོར་དང་། གནས་སྟངས་རྒྱུས་ལོན་གནང་ཞིང་། དེའི་སྐབས་དགེ་སློབ་རྣམས་ནས་ཕེབས་བསུ་དང་སྦྲགས། ཐོག་མར་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱིས་གཙོས་པའི་དགེ་ལས་རྣམས་དང་ལྷན་འཛོམས་དང་། དེ་ནས་ཧན་ལེ་བོད་སློབ་ཏུ་དགེ་སློབ་ཡོངས་ནས་བོད་ཡིག་སློབ་སྦྱོང་སྤྲོད་སྟངས་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་བྱེད་སྟངས་ལ་སྤྱི་འཐུས་རྣམ་པ་གཉིས་ནས་བསྔགས་བརྗོད་གནང་རྗེས། གཞིས་ཆགས་ཀྱི་ས་ཆའི་ལྕགས་ར་དང་། བོད་ཀྱི་སྨན་རྩ་འདེབས་ལས་ཀྱི་ལས་འཆར་བཅས་ལ་གཟིགས་ཞིབ་གནང་འདུག
དེ་རྗེས་སྤྱི་འཐུས་རྣམ་གཉིས་ཆུ་མུར་འབྲོག་སྡེ་རུ་ཕེབས་ཐོན་གྱིས་ཉིན་རྒྱབ་ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་འཐུས་མི་དང་། རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་ཀྱི་འགོ་པ་བཅས་ནས་བསང་གསོལ་དང་། གྲོ་སོ་ཕྱེ་མར་བཏེགས་ཏེ་སྤྱི་འཐུས་རྣམ་གཉིས་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་དང་། དེ་རྗེས་མི་མང་ཚོགས་འདུ་དང་དྲི་བ་དྲིས་ལན་གྱི་ལས་རིམ་སྟབས་བདེ་ཞིག་བསྐོངས་ཏེ། ས་གནས་ཀྱི་གནས་སྟངས་ཁག་ལ་རྒྱུས་ལོན་ཞིབ་ཕྲ་གནང་འདུག
ཆུ་མར་འབྲོག་སྡེའི་ལས་རིམ་ཁག་གྲུབ་མཚམས། སུམ་མདོ་འབྲོག་སྡེ་རུ་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་སྐབས། ས་གནས་ཀྱི་འགོ་པ་དང་། ས་འཐུས་ཚོགས་མི། དེ་བཞིན་རང་བདེན་ཚོགས་ཆུང་གི་ཚོགས་མི། ས་གནས་མི་མང་བཅས་ནས་མཇལ་དར་འཕྱར་བཞིན་ཕེབས་བསུའི་སྣེ་ལེན་དང་། དེ་རྗེས་མི་མང་ཚོགས་ཁང་དུ་མི་མང་ཚོགས་འདུ་སྐོང་སྐབས། སྤྱི་འཐུས་རྣམ་གཉིས་ནས་གསུང་བཤད་དང་། མི་མང་གི་དྲི་བ་དང་བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་རྒྱས་གནང་རྗེས། ས་གནས་མང་ཚོགས་ཀྱི་སྒོར་གཞས་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་འདུག
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སུམ་མདོ་བོད་ཁྱིམ་ཡན་ལག་སློབ་གྲྭར་གཟིགས་སྐོར་གནང་ཞིང་། དེའི་སྐབས་སློབ་གྲྭའི་དབུ་འཛིན་ལས་ཚབ་དང་དགེ་ལས། སློབ་ཕྲུག་རྣམས་ནས་མཇལ་དར་དང་། གྲོ་སོ་ཕྱེ་མར་བཏེགས་ཏེ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་རྗེས། སྤྱི་འཐུས་རྣམ་པ་གཉིས་སྔོན་འགྲོའི་འཛིན་ཁང་ཁག་དང་། དཔེ་མཛོད་ཁང་། ཉལ་ཁང་། གསོལ་ཐབ་བཅས་སུ་གཟིགས་སྐོར་དང་། གནས་སྟངས་རྒྱུས་ལོན་ཞིབ་ཕྲ་གནང་འདུག
དེ་རྗེས་ས་སྨད་འབྲོག་སྡེ་རུ་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་སྐབས། ས་གནས་ཀྱི་འགོ་པ་དང་། ས་འཐུས་ཚོགས་མི། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི། དེ་བཞིན་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་དང་། ས་སྨད་ཚོགས་ཁང་ནང་མི་མང་ཚོགས་འདུ་བསྐོངས་ཏེ། སྤྱི་འཐུས་རྣམ་གཉིས་ནས་མི་མང་ལ་གསུང་བཤད་དང་། མི་མང་གི་དྲི་བ་དང་། བསམ་ཚུལ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་རྒྱས་གནང་གྲུབ་མཚམས། སྤྱི་འཐུས་རྣམ་གཉིས་ལ་དྭགས་རྒྱལ་ས་སླེ་རུ་ཕེབས་ཐོན་གནང་འདུག
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་ཟླ་བ་འདིའི་ཚེས་ ༡༨ དང་། ༡༩ ཉིན་ལ་དྭགས་རྒྱལ་ས་སླེ་རུ་མཛད་རིམ་མུ་མཐུད་བསྐྱང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༠ ཉིན་ལ་དྭགས་རྒྱལ་ས་སླེ་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །