༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༧ དང་ ༡༨ ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་རྟེན་གཞི་བྱས་པའི་གདན་ས་༸དཔལ་ཆེན་ཆོས་གླིང་དུ་༸སྐྱབས་རྗེ་༸རྒྱལ་ཚབ་སྐུ་ཕྲེང་དང་པོ་༸དྲུང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་མཆོག་སྐུ་འཁྲུངས་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་བརྩི་དང་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག་དང་ཆོས་རིག་དྲུང་ཆེ་ཆེད་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མཛད་སྒོར་༸སྐྱབས་རྗེ་གཽ་ཤྲཱི་༸རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པ་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་ཟུར་མང་གར་དབང་རིན་པོོ་ཆེ་མཆོག ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག འབྲུག་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་ཁྲིད་རྗེ་མཁན་པོའི་སྐུ་ཚབ། ༸སྐྱབས་རྗེ་དགོན་བྱང་རིན་པོ་ཆེ་མཆོག་བཅས་ཀྱིས་དབུས་པའི་མཁན་སྤྲུལ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་སྐུ་ཚབ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མིག་དམར་ནོར་བུ་ཤར་པ་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་གྷོ་ལེ་ (Shri. Prem Singh Tamang-Golay) མཆོག་གི་སྐུ་ཟླ་ལྕམ་སྐུ་ཀྲྀཥྞཱ་ཀུ་མཱ་རི་རཡེ་ (Smt Krishna Kumari Rai) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་འཐུས་མི་ཁག་ཅིག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་ཕྱོགས་བཞུགས་སྤྱི་འཐུས་ཁག་ཅིག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། བྱང་ཤར་སྤྱི་ཁྱབ། ར་ཝང་ལ་ས་གནས་འགོ་འཛིན། སྒང་ཏོག་ས་གནས་འགོ་འཛིན་བཅས་ཕེབས་ཡོད། དེ་བཞིན་ཕྱི་ནང་གི་སྐུ་མགྲོན་དང་། ས་གནས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད།མཛད་སྒོའི་ཐོག་༸སྐྱབས་རྗེ་གཽ་ཤྲཱི་༸རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་དང་། སྐུ་ཚབ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་ཆེན་ཁག་གི་གསུང་འཕྲིན་སྙན་སྒྲོན་དང་། དཔལ་༸རྒྱལ་བ་ཀརྨ་པ་མཆོག་གི་བཀའ་སློབ་བརྙན་འཕྲིན་བརྒྱུད་གཟིགས་འབུལ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག་གིས་གཙོས་པའི་ཕྱི་ནང་གི་སྐུ་མགྲོན་རྣམ་པས་དུས་དྲན་དང་འབྲེལ་བའི་གསུང་བཤད་རིམ་པ་གནང་ཡོད།དེ་བཞིན་ཕྱེད་ཡོལ་གྱི་མཛད་རིམ་ནང་༸སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་གིས་༸རྒྱལ་ཚབ་ན་རིམ་གྱི་བཀའ་འབུམ་པོད་ལྔ་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་༸རྒྱལ་ཚབ་རིན་པོ་ཆེའི་བརྙན་པར་དེབ་གཅིག ༸སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་གིས་༸རྒྱལ་ཚབ་བཞི་པའི་གསུང་མར་པའི་རྣམ་ཐར། དཔལ་ལྡན་ཚོགས་གཙོ་མཆོག་གིས་༸རྒྱལ་ཚབ་རིན་པོ་ཆེའི་གསུང་ཆོས་ཕབ་བཤུས་དེབ་བཞི། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཽ་ཤྲཱའི་རྣམ་ཐར་པོད་དེབ་གཅིག མངའ་སྡེའི་ཚོགས་གཙོ་མཆོག་གིས་༸རྒྱལ་ཚབ་རྣམ་ཐར་ཨིན་དེབ་གཅིག་བཅས་དབུ་འབྱེད་གནང་སོང་། དེ་ནས་༸སྐྱབས་རྗེ་༸རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྐུ་ཟླ་དང་ཕྱག་མཛོད་ཞིང་གཤེགས་ཀྱི་ཚ་མོ་རྣམ་པ་གཉིས་ལ་གཟེངས་རྟགས་ཕུལ། མཐར་གདན་སའི་མཁན་པོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་གྲུབ་ངང་གྲོལ།
ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་གདན་ས་༸དཔལ་ཆེན་ཆོས་གླིང་དུ་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་གདན་ས་རུམ་བཏེག་གི་བཤད་གྲྭ་ཀརྨ་ཤྲཱི་ནཱ་ལནྜའི་སློབ་ཟུར་མཁན་པོ་དང་སློབ་དཔོན་སོགས་དད་ལྡན་སློབ་ཚོགས་རྣམས་ནས་ཚེ་སྒྲུབ་གསང་བ་འདུས་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བོད་མིའི་སྒྲིག་འཛུགས་ནས་ཀྱང་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་བཅས།། །།