༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༨ ཉིན་དྷ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཁྲལ་འབབ་བློན་ཆེན་སྐུ་ཞབས་ཇ་གཏ་སིངྒ་ནེ་གི་ (Jagat Singh Negi) མཆོག་ལ་འཚམས་འདྲིའི་མཇལ་འཕྲད་གནང་ཡོད།
དེ་ཡང་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་ནས་བོད་མིའི་གཞིས་ཆགས་ཁག་ཏུ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་མི་རྣམས་ལ་ས་ཞིང་གི་དཀའ་ངལ་འཕྲད་བཞིན་པ་དེར་མུ་མཐུད་ཐུགས་སྣང་གནང་རྒྱུའི་འབོད་སྐུལ་ཞུས་ཡོད།
སྐབས་དེར་དྷ་རམ་ས་ལའི་རྫོང་དཔོན་དང་། ས་གནས་ཁྲིམས་དཔོན་གཞོན་པ་ (Sub-Divisional Magistrate) གཙོས་པའི་གཞུང་འབྲེལ་དཔོན་རིགས་ཁག་ཅིག་ལྷན་ཞུགས་གནང་ཡོད། །