༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༦ ཉིན་ཐའེ་ཝན་མང་གཙོ་ཐེབས་རྩ་ལས་ཁུངས་ནས་ཐའེ་པེ་ཧུ་ཧྭ་མགྲོན་ཁང་དུ་ཕྱི་ལོ་ ༢༠༢༤ ལོའི་ཤར་ཨེ་ཤི་ཡ་མང་གཙོ་ལྷན་ཚོགས་ཤིག་གོ་སྒྲིག་གནང་བའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་མགྲོན་ཤོག་འབྱོར་དོན་ལྟར། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་མཉམ་ཞུགས་གནང་ཡོད།
འདི་ལོའི་ལྷན་ཚོགས་ཀྱི་བརྗོད་གཞི་གཅོ་བོ་ནི། སྲིད་དབང་སྒེར་འཛིན་པ་ཚོས་གནས་ཚུལ་ལ་ཁ་ལོ་བསྒྱུར་བ་དང་འཇིགས་སྐུལ་ལྟ་བུའི་ཐབས་བྱུས་བརྒྱུད་ནས་མང་གཙོ་གཏོར་བརླག་གཏོང་རྒྱུའི་འབད་བརྩོན་དང་གནོན་ཤུགས་ཇེ་མང་དུ་འགྲོ་བཞིན་པ་ལ་མང་གཙོ་ཅན་གྱི་རྒྱལ་ཁབ་ཡོངས་ནས་མཉམ་རུབ་ཀྱིས་གདོང་ལེན་དང་སོར་ཆུད་ཀྱི་ནུས་པ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་འཛིན་པ་ཞིག་རེད་འདུག
ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ (Han Kuo-Yu) མཆོག་ནས་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་དབུ་འབྱེད་གསུང་བཤད་གནང་ཡོད། དེ་རྗེས་ཐེངས་འདིར་ལྷན་ཚོགས་སུ་ཆེད་དུ་གདན་ཞུས་གནང་བའི་མཁས་དབང་རྣམས་ནས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་གནང་སོང་། མཁས་དབང་རྣམ་པས་གསུང་བཤད་འཕྲོད་སྲིད་དབང་སྒེར་འཛིན་ལམ་ལུགས་པ་ཚོས་བཙན་ཤེད་ཀྱི་དབང་ཆ་བེད་སྤྱོད་གཏོང་སྐབས་ཆ་མི་སྙོམས་པའི་གནས་སྟངས་འབྱུང་རྒྱུའི་ཉེན་བརྡ་གཏོང་ཡོད།
ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་ནས་ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་ཐའེ་ཝན་གྲོས་ཚོགས་རྒྱལ་སྤྱིའི་གནད་དོན་གྱི་འགན་འཛིན་གཙོས་པའི་གྲོས་ཚོགས་ཚོགས་གཙོའི་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན། གཞན་མཁས་དབང་རྣམ་པར་མཇལ་འཕྲད་ཞུས་ཏེ་བོད་དོན་དང་འབྲེལ་བའི་ངོ་སྤྲོད་འགྲེལ་བརྗོད་ཞུས། དེ་ནས་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་གསར་པ་ལྕམ་སྐུ་ (Dachi Liao) ལགས་དང་འགན་འཛིན་གཞོན་པ་སྐུ་ཞབས་ (Yeh – Chung Lu) ལགས་གཉིས་ལ་དམིགས་བསལ་གྱི་མཇལ་འཕྲད་ཀྱིས་ཐེབས་རྩའི་ངོས་ནས་སྐུ་ཚབ་དོན་ཁང་ལ་ད་བར་མཐུན་འགྱུར་རམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་མུ་མཐུད་མཐུན་འགྱུར་ཡོང་བའི་འབོད་སྐུལ་སོགས་ཞུས་གནང་ཡོད།
ཐའེ་ཝན་མང་གཙོ་ཐེབས་རྩ་ཚོགས་པ་དེ་བཞིན་ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་རྣམ་གཉིས་ཀྱི་ལམ་སྟོན་སྟངས་འཛིན་འོག་འཛིན་སྐྱོང་བྱེད་བཞིན་པའི་ཐེབས་རྩ་ལས་ཁུངས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་བཅས། །