༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༠ ཉིན་ཇར་མན་གྱི་གཏམ་བརྗོད་ཆེད་ལས་སྒྱུ་རྩལ་སློབ་ཁྲིད་པ་ཧན་རི་ལགས་དང་། སྐད་སྦྱོང་རིག་པའི་ཆེད་ལས་སློབ་ཁྲིད་པ་ཇོན་ཕྷོ་སི་ཝར་ལགས། གཏམ་བརྗོད་དང་གློག་བརྙན་སྒྱུ་རྩལ་ཆེད་ལས་འཁྲབ་སྟོན་པ་གྲགས་ཅན་བསྟན་འཛིན་དགྲ་ལྷ་ལགས། གཏམ་བརྗོད་སྒྱུ་རྩལ་པ་ལྰ་ར་ལགས་དང་ལི་ལི་ལགས་བཅས་ལྔ་ནས་ཕྱི་ཟླ་ ༩ ཚེས་ ༡༤ ནས་ཟླ་ ༡༠ ཚེས་ ༡༡ བར་བོད་ཀྱི་ཟློས་གར་ཚོགས་པའི་དགེ་སློབ་ཡོངས་ལ་གཏམ་བརྗོད་སྒྱུ་རྩལ་རིག་པ་དང་། སྐད་སྦྱོང་རིག་པ་གཉིས་སློབ་ཁྲིད་གནང་སྟེ་ལེགས་གྲུབ་ཟིན་པར་སོང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ཕྱག་རྟགས་ཕུལ་ཡོད།
ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༡ ཉིན་འདས་པའི་ཟླ་བ་གཅིག་རིང་གཏམ་བརྗོད་སྒྱུ་རྩལ་རིག་པ་སློབ་ཁྲིད་གནང་སྟེ་ཆེད་ལས་སློབ་སྟོན་པས་དགེ་སློབ་ཕུལ་བྱུང་བཅུ་དྲུག་འདེམས་སྒྲུག་གིས་བོད་ཀྱི་ཟློས་གར་ཚོགས་པའི་ནང་ཆེད་ལས་གཏམ་བརྗོད་སྒྱུ་རྩལ་འཁྲབ་སྟོན་སྡེ་ཚན་གསར་འཛུགས་གནང་ཐུབ་པ་བྱུང་ཞིང་། སླད་མར་ཆེད་ལས་གཏམ་བརྗོད་སྒྱུ་རྩལ་འཁྲབ་སྟོན་སྡེ་ཚན་ནས་བོད་མིའི་སྤྱི་ཚོགས་གནས་བབ་དང་བོད་ནང་གི་གནས་བབ། བོད་མིའི་ཡུལ་གོམས་གཤིས་ལུགས་མཚོན་པའི་བརྗོད་བྱ་གཙོ་བོར་གྱུར་བའི་གཏམ་བརྗོད་གང་མང་ཞིག་འཁྲབ་སྟོན་ཞུ་རྒྱུ་ཡིན། དེ་བཞིན་ཟབ་སྦྱོང་ཟླ་བ་གཅིག་རིང་དགེ་སློབ་ཡོངས་ནས་འབད་འབུངས་ཆེ་བསྐྱེད་ཀྱིས་རྣམ་དཔྱོད་རྩལ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འདེམས་སྒྲུག་བྱུང་བའི་ཆེད་ལས་གཏམ་བརྗོད་འཁྲབ་སྟོན་པ་རྣམས་ནས་ཀྱང་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་འཁྲབ་ཚན་གང་མང་གསར་རྩོམ་ཡོང་བའི་འབད་བརྩོན་བྱ་གལ་སོང་། སློབ་སྟོན་ཆེད་ལས་མཁས་དབང་ཡོངས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལས་འཆར་འདིའི་རོགས་དངུལ་ཆ་ཤས་ཨ་རི་གཞུང་གི་རོགས་དངུལ་ཁོངས་ནས་མཐུན་འགྱུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། །