༢༠༡༢ ཟླ་ ༢ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༩ ཉིན་རྡ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭས་མཐུན་འགྱུར་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨིན་དྷི་ར་གྷན་དྷིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཡིག་འགྲུལ་ལམ་ནས་སློབ་སྦྱོང་སྤྲོད་ཡུལ་ཡན་ལག་གཅིག་བཞུགས་སྒར་རྡ་སར་དབུ་འབྱེད་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཧི་མ་ཅལ་མངའ་སྡེའི་ཨིན་དི་ར་གྷན་དྷིའི་ཤེས་ཡོན་བསྟི་ཁང་གི་འགན་འཛིན་ནེ་གི (D.E Negi) ལགས་དང་། རྡ་སའི་ཨིན་དི་ར་གྷན་དྷིའི་ཤེས་ཡོན་བསྟི་ཁང་གི་འབྲེལ་མཐུད་པ་(Vijay Sharma)ལགས། བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། མེག་གྷན་ཡུལ་མིའི་ཉིན་སློབ་ཀྱི་སློབ་སྤྱི། རྡ་ས་ས་གནས་འགོ་འཛིན། གསར་དུ་ཡིག་འགྲུལ་ལམ་གྱི་སློབ་ཞུགས་སློབ་མ་བཅས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཐོག་འགན་འཛིན་ནེ་གེ་ལགས་དང་འབྲེལ་མཐུད་པས་ཁག་སོ་སོ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། མཐུན་འགྱུར་གནང་མཁན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་ཡུལ་མིའི་ཞྭ་མོ་དང་ཤོལ་རེར་ཕྱག་རྟགས་སུ་ཕུལ་རྗེས་འགན་འཛིན་ནེ་གེ་ལགས་ཀྱིས་ཧིན་རྡིའི་སྐད་ཐོག་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་སིམ་ལ་ནས་ཆེད་དུ་ཕེབས་པའི་ཤེས་ཡོན་འགན་འཛིན་ནེ་གེ་ལགས་ཀྱི་གཙོས་རྡ་སར་བཅར་བཞུགས་ཡུལ་མི་གྲོགས་པོ་རྙིང་པ་འགའ་ཤས་ཕེབས་ཡོད། འདས་པའི་ལོ་ངོ་ལྔ་བཅུའི་རིང་ང་ཚོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་གར་ནང་ཤེས་ཡོན་གོ་སྐབས་མ་ཐོབ་པ་དང་། ལག་ཁྱེར་མེད་པ་རྣམས་ཀྱི་ཆེད་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ཡིག་འགྲུལ་ལམ་གྱི་སློབ་སྦྱོང་སྤྲོད་ཡུལ་བཙུགས་ཏེ་ལོ་ངོ་ཉི་ཤུ་རྩ་བདུན་འགྲོ་གི་ཡོད། ད་ལྟའི་བོད་པའི་སྤྱི་ཚོགས་འདི་ཡང་འགྱུར་བ་ཆེན་པོ་ཞིག་འགྲོ་བའི་དུས་སྐབས་ཡིན་པ་མ་ཟད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་སྤྲོད་སྟངས་མི་འདྲ་བའི་ཐོག་ནས་བསམ་བློ་གཏོང་སྟངས་དང་། འཚོ་བ་སྐྱེལ་སྟངས། མི་ཚེའི་མདུན་ལམ་འཚོལ་སྟངས་མི་འདྲ་བ་གསུམ་ཙམ་ཡོང་གི་ཡོད། བཙན་བྱོལ་ནང་རྒྱ་གར་གཞུང་མང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱིས་སུ་བོད་ནས་སླེབས་མཁན་རང་ལོ་བཅོ་བརྒྱད་མན་བོད་ཁྱིམ་སོགས་སུ་སློབ་སྦྱོང་བྱེད་རྒྱུ་དང་། གཞིས་ཆགས་རྣམས་བོད་སློབ་འཛིན་ཚོགས་བརྒྱུད་དེ་སློབ་གྲྭའི་མཐུན་རྐྱེན་ཆ་ཚང་བ་ཐོབ་ཀྱི་ཡོད། དེ་བཞིན་བོད་ནས་གསར་དུ་སླེབས་པ་སློབ་སྦྱོང་བྱེད་འདུན་ཡོད་ལ་གོ་སྐབས་མ་ཐོབ་པ།
དེང་དུས་ཀྱི་ཆ་རྐྱེན་ཚང་བའི་ལས་ཀ་ཚད་ལྡན་དང་མི་ཚེའི་མདུན་ལམ་གསར་པ་ཐོབ་རྒྱུར་ཡིག་འགྲུལ་ལམ་ནས་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་གྱི་ཡོད། རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ལྟར་འགྲོ་གྲོན་ཆེན་པོ་འགྲོ་མི་དགོས་པའི་ཐོག་སློབ་སྦྱོང་ཆ་ཚང་རག་རྒྱུའི་མཐུན་རྒྱུར་སྦྱར་མཁན་ཡོད་པར་སོང་ཐོག་མར་འཛུལ་དུས་ནས་ཆོད་སེམས་བརྟན་པོའི་ཐོག་ཨ་གསར་མེད་པའི་ཐོག་མཉམ་བཞུགས་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གྲུབ་མཚམས་རྡ་སའི་ས་གནས་འབྲེལ་མཐུད་པ་ཝེ་ཇེ་ཤར་མ་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ་བ་བཅས།
ད་ཐེངས་ཡིག་འགྲུལ་གྱི་ལམ་ནས་འཛུལ་ཞུགས་བྱེད་མཁན་མི་གྲངས་ ༦༨ བྱུང་ཡོད་པ་དང་འཛིན་གྲྭ་བཅུ་གཉིས་ལ་ཡིག་འགྲུལ་ལམ་ནས་སློབ་སྦྱོང་བྱེད་མཁན་མི་གྲངས་ ༤༨ དང་མཐོ་སློབ་ཏུ་ཡིག་འགྲུལ་ལམ་ནས་སློབ་སྦྱོང་བྱེད་མཁན་མི་གྲངས་ ༡༥ བྱུང་འདུག་པ་བཅས། །