༢༠༡༢ ཟླ་ ༢ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༨ ཉིན་ཨི་ཊ་ལིའི་ལྷོ་ཊེ་རོལ་རང་སྐྱོང་ཁུལ་གྱི་གཙོ་འཛིན་ལུ་ཨི་སི་ཌུན་ཝལ་ཌར་(Luis Durnwalder)མཆོག་གིས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཐུག་འཕྲད་སྐབས་གཙོ་འཛིན་མཆོག་གིས་ང་ཚོའི་མི་མང་དབར་མཛའ་འབྲེལ་ཤུགས་ཆེ་དང་གཏིང་ཟབ་ཡོད། གཞོན་སྐྱེས་དབུ་ཁྲིད་སྐུ་ཉིད་ཀྱིས་ང་ཚོའི་དབར་གྱི་མཛའ་འབྲེལ་མུ་མཐུད་རྒྱུན་འཛིན་གནང་བར་ཧ་ཅང་དགའ་པོ་བྱུང། ལྷོ་ཊེ་རོལ་ཁོངས་མི་རིགས་འདྲ་མིན་གསུམ་ཡོད། རང་སྐྱོང་གི་གནས་བབ་འོག་ཞིང་ཆེན་འདིའི་ནང་ཞི་བདེ་དང་བདེ་འཇགས་ཡོད། རྒྱ་ནག་གིས་ཀྱང་ལྷོ་ཊེ་རོལ་གྱི་རང་སྐྱོང་གི་ངོ་བོ་ནས་མིག་དཔེ་ལེན་ཆོག་པ་ཞིག་རེད། ཅེས་གསུངས་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་ལྷོ་ཊེ་རོལ་ལ་ཐུན་མིན་གྱི་རང་སྐྱོང་ཡོད་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་གསལ་རེད། ཅེས་གསུངས། དེ་བཞིན་བཀའ་ཁྲི་མཆོག་གིས་ལྷོ་ཊེ་རོལ་གྱི་མངའ་སྡེའི་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་མོ་རོ་མི་ནི་ཊི་(Mauro Minniti) ལགས་མཇལ་འཕྲད་སྐབས་སྐུ་ཞབས་མོ་རོ་མི་ནི་ཊི་ལགས་ཀྱིས་གསུང་དོན། བཀའ་ཁྲི་མཆོག་འདི་ཕྱོགས་ཕེབས་གནང་བ་འདིས་བོད་མི་རྣམས་ཀྱི་དཀའ་ངལ་ཁ་གསལ་འདོན་རྒྱུར་གལ་ཆེན་པོ་ཆགས་ཀྱི་ཡོད། ལྷོ་ཊེ་རོལ་གྱིས་བོད་མི་རྣམས་ཀྱི་དཀའ་ངལ་སྐོར་ཤེས་རྟོགས་ཡོད་ཅེས་གསུངས་ཡོད།
དེ་ཉིན་ཕྱེད་ཡོལ་བཀའ་ཁྲི་མཆོག་ཊེ་རེན་ཊོ་རང་སྐྱོང་ཁུལ་གྱི་གཙོ་འཛིན་སྐུ་ཞབས་ལོ་རེན་ཛོ་ཌེ་ལ་ཡི་(Lorenzo Dellai) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་སྐུ་ཞབས་ལོ་རེན་ཛོ་ཌེ་ལ་ཡི་མཆོག་གིས་བཀའ་ཁྲི་མཆོག་ལ་བོད་མིའི་དབུ་ཁྲིད་ལ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཁོང་གིས་མ་འོངས་པར་ཡང་མུ་མཐུད་བོད་མི་རྣམས་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད། དེ་བཞིན་བཀའ་ཁྲི་མཆོག་གིས་ཊེ་རེན་ཊོ་མངའ་སྡེའི་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་བྷུ་རུ་ནོ་(Bruno Dorigatti)མཆོག་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་ཡང་དབུ་འབྱེད་གནང་ཡོད།
ལྷག་པར་བཀའ་ཁྲི་མཆོག་གིས་ལྷོ་ཊེ་རོལ་དང་ཊེ་རེན་ཊོའི་འགོ་ཁྲིད་རྣམས་དང་མཇལ་འཕྲད་སྐབས་གསུང་དོན། རྒྱ་གཞུང་གི་དཔོན་རིག་རྣམས་ནས་བོད་མིའི་ཐོག་དྲག་གནོན་མུ་མཐུད་བྱས་རྐྱེན་བོད་མི་ཞི་རྒོལ་བྱེད་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། བོད་ནང་ཛ་དྲག་གི་གནས་སྟངས་འོག་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༠༩ ཟླ་ ༢ ནས་བཟུང་ད་བར་རང་ལུས་མེར་སྲེག་གཏོང་མཁན་མི་གྲངས་ ༢༣ བྱུང་ཡོད་པའི་ཁོངས་ནས་མི་གྲངས་ ༡༥ རྐྱེན་འདས་སུ་ཕྱིན་ཡོད།
བཀའ་ཁྲི་མཆོག་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་དུ་མ་ཐོན་གོང་ཊེ་རོན་ཊོ་གཙུག་ལག་སློབ་ཁང་གིས་གོ་སྒྲིག་ཞུས་པའི་གླེང་སྟེགས་གོར་མོའི་བགྲོ་གླེང་ཐོག་བཀའ་ཁྲི་མཆོག་གིས་རང་སྐྱོང་དང་བོད་(The Autonomy and Tibet) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། བོད་མི་རྣམས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་རྩོད་བཞིན་ཡོད། རྒྱ་ནག་གི་ཧོང་ཀོང་དང་མ་ཁའོ་ལ་རང་སྐྱོང་སྤྲད་ཡོད་པ་མ་ཟད། ཐེ་ཝན་ལའང་རང་སྐྱོང་སྤྲོད་རྒྱུ་གྲ་སྒྲིག་ཡོད། བོད་མི་རྣམས་ལ་རྒྱ་ནག་གིས་ཅིའི་ཕྱིར་རང་སྐྱོང་སྤྲོད་འདོད་མེད་དམ། ཞེས་སོགས་གསུངས་ཡོད།
དེ་ནས་བཀའ་ཁྲི་མཆོག་ཕྱི་དྲོ་ཆུ་ཚོད་ ༩།༠༠ ཐོག་མི་ལཱན་དུ་ཕེབས་འབྱོར་སྐབས་བོད་རིགས་ ༥༠ བརྒལ་བས་དགེ་འཕེལ་གླིང་བོད་ཀྱི་ནང་པའི་ཆོས་ཚོགས་སུ་ཕེབས་བསུ་གཟབ་རྒྱས་ཞུས་རྗེས། དེ་ཉིན་དགོང་མོ་བཀའ་ཁྲི་མཆོག་གིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེའི་ལས་འགུལ་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་མུ་མཐུད་བོད་དོན་ལས་འགུལ་ཐོག་མཉམ་ཞུགས་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་བཅས།།