༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༧ པའི་ཐོག་ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་འཚབ་དང་འབྲེལ། རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཟུར་འཛུགས་དང་བཙན་དབང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱས་པ། དེ་བཞིན་བོད་མིའི་སློབ་གྲྭ་ཁག་སྒོ་བརྒྱབ་པའི་སྐོར་གསལ་འདོན་གནང་འདུག་ལ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ། རྩོམ་པ་པོ། ཤེས་ཡོན་ཅན་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་དང་། བསུན་གཙེར། འཇིགས་སྐུལ། ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་སོགས་གསུང་འདུག
ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་བོད་མིའི་འགྲོ་བ་མིའི་ཐོང་ཐང་སྲུང་སྐྱོབ་དང་བརྩི་བཀུར་དགོས་པའི་ནན་སྐུལ་དང་སྦྲགས། ཡུ་རོབ་མཐུན་ཚོགས་ངོས་ནས་བོད་མིའི་གཞི་རྩའི་རང་དབང་དང་། རིག་གཞུང་། ངོ་བོ་སྲུང་སྐྱོབ་ཐད་གཟིགས་རྟོག་གནང་རྒྱུ་ཡིན་སྐོར་གསུང་ཞིང་། རྒྱ་ནག་གཞུང་ནས་སློབ་གྲྭ་རིམ་པ་ཆ་ཚང་ནང་བོད་སྐད་དང་རྒྱ་སྐད་གཉིས་ཀ་ལྡན་པའི་ཤེས་ཡོན་མཁོ་སྤྲོད་དགོས་པའི་རེ་སྐུལ་གནང་འདུག
དེ་བཞིན་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་སོགས་བཀག་འགོག་མེད་པར་བོད་ནང་ཕེབས་འཇུག་དགོས་པའི་སྐུལ་འདེད་དང་། རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་མི་ཨ་ཉག་སེང་སྒྲ་ལགས་དང་། བྱ་བྲལ་རིན་པོ་ཆེ། སྒོ་ཤེས་རབ་རྒྱ་མཚོ་ལགས། མགོ་ལོག་དཔལ་ལྡན་ལགས། སེམས་སྐྱིད་སྒྲོལ་མ་ལགས། བཀྲ་ཤིས་རྡོ་རྗེ་ལགས་སོགས་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་སྐུལ་གནང་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱི་སྤེལ་བའི་བསྒྲགས་གཏམ་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་དང་ཡུ་རོབ་མཐུན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མུ་མཐུད་རྒྱབ་སྐྱོར་ཡོང་བའི་ཞབས་སྐུལ་གནང་འདུག