༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༥ ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སིར་མོར་རྫོངས་ཁོངས་དང་། ཨུ་ཏར་ཁནྚ་མངའ་ཁུལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སིར་མོར་རྫོང་ཁོངས་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ལ་འཚམས་གཟིགས་སུ་ཕེབས་སྐབས་སྤུ་རུ་ཝ་ལ་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ན་རྫི་ཚེ་རིང་བསྟན་པ་ལགས་ཀྱིས་གཙོས་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། དེ་བཞིན་ས་གནས་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་མི་མང་ཚོགས་ཁང་དུ་གཞིས་མི་མང་ཚོགས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱལ་སྤྱི་དང་རྒྱ་ནག་གི་གནས་ཚུལ་ཁྲོད་བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ད་ལྟའི་ཆར་མགོན་པོ་མཆོག་གི་སྐུ་ཁམས་འཕྲོད་བཞེས་དྭངས་སྐྱེད་གང་ལེགས་བྱུང་ཡོད་པ་གསལ་བཤད་དང་སྦྲགས། མགོན་པོ་གང་ཉིད་མཆོག་ནས་ཡང་ཡང་ཐུགས་བརྩེ་ཆེན་པོས་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་ཞལ་བཞེས་གནང་བ་ལྟར། རྗེས་འཇུག་གདུལ་བྱ་རྣམས་ནས་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ། བླ་སློབ་བར་དམ་ཚིག་གཙང་མ་ཉར་དགོས་པའི་ནན་སྐུལ་གནང་བའི་ཐོག མགོན་པོ་མཆོག་གི་ལམ་སྟོན་ལྟར་ཆོལ་གསུམ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ངང་ནས་རང་དབང་འཐབ་རྩོད་ལ་འབད་འབུངས་དགོས་པ་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲིན་ལ་བརྟེན་ནས་བོད་མི་རྣམས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བོད་མི་རྣམས་ལ་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཆ་ལག་ཚང་བ་ཞིག་ཡོད་གསོལ་སྩལ་གནང་ཡོད་ལ། དེ་ཉིད་བོད་མི་མི་རབས་རྒན་པ་རིམ་བྱོན་ནས་ལྷག་བསམ་རྟུན་པ་ཆེར་བསྐྱེད་ཀྱིས་སྲ་བརྟན་གོང་འཕེལ་བཏང་གནང་ཡོད་པ་དྲན་སྐུལ་དང་འབྲེལ། བོད་མིའི་སྒྲིག་འཛུགས་དང་ལས་དང་འབྲེལ་བའི་མི་རབས་གོང་མ་རྣམས་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་རྗེས་དྲན་ཞུས་རྗེས་བཀའ་ཤག་སྐབས་བཅུ་དྲུག་པའི་མཛད་ཁུར་དབུ་འཛུགས་ཞུས་ནས་ད་བར་བོད་དོན་ཆབ་སྲིད་དང་། བཙན་བྱོལ་བོད་མིའི་བདེ་དོན་ལྟ་སྐྱོང་ཐད་ལས་དོན་གནང་ཕྱོགས་སྤྱི་དང་། ཁྱད་པར་དུ་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆར་གཞི་བཅོལ་ནས་བོད་བསྟན་ཆབ་སྲིད་སྤྱི་དང་བོད་མིའི་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་ཇི་གནང་ཁག་གསལ་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་སྟེ། དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་སླད་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་ནས་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་ལ་ནན་བརྗོད་གནང་གི་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་སྟངས་ཁུངས་འཕེར་ར་སྤྲོད་གནང་ཡོད་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོའི་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་དྲག་པོའི་དམག་གིས་བོད་བཙན་བཟུང་བྱས་རྗེས། བོད་དེ་གནའ་སྔ་མོ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ལོག་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་ལེན་བྱས་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་ངོ་སྤྲོད་གནང་གི་ཡོད་པ་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་། བོད་ནང་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར། བོད་མཐོ་སྒང་གི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་རྒྱས་པ་གནང་རྗེས་མི་མང་ཁག་ཅིག་གི་དོགས་དྲིར་ལན་འདེབས་གསལ་བཤད་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤུ་རུ་ཝ་ལར་རྟེན་གཞི་བྱས་པའི་མ་དགོན་བཤད་གྲྭ་དང་། དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ་གནས་གཟིགས། སྤུ་རུ་ཝ་ལ་སཾ་བྷོ་ཊ་ཉིན་སློབ། ས་གནས་འཕྲོད་བསྟེན་སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་གཟིགས་སྐོར་གནང་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕེབས་ཐོན་གནང་།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ཞྭ་ལུ་དགོན་པར་གནས་གཟིགས་དང་། སྤོན་ཊ་སཾ་བྷོ་ཊ་ཉིན་སློབ། ས་གནས་འགོ་འཛིན་ལས་ཁུངས། ས་འཐུས་ཚོགས་ཁང་། བཟོ་ཚོགས་ལས་ཁུངས་མཚོན་པའི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་ལས་ཁུངས་ལ་གཟིགས་སྐོར་གནང་མཐར། མི་མང་ཚོགས་ཁང་དུ་ས་གནས་མང་ཚོགས་ལ་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འོས་བསྡུའི་དྲིལ་བསྒྲགས་སྐབས་ཁས་ལེན་གནང་བ་ལྟར་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་དོན་དྲིལ་བསྒྲགས་དང་། བོད་མིའི་སྤྱི་ཚོགས་བདེ་དོན་སླད་དགོས་ངེས་ལས་གཞི་ལས་འཆར་ཇི་སྤེལ་གསལ་བཤད་དང་སྦྲགས། མི་མང་གིས་ཡིད་ཆེས་གནང་བ་ལྟར་ལས་དོན་ཐེ་གུ་སྣེ་ཤོར་མེད་པར་ཧུར་ཐག་གནང་གི་ཡོད་སྐོར་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་འོག་བོད་ནང་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་བཙན་ཤེད་ཀྱིས་སྒོ་རྒྱག་གི་ཡོད་པ་མ་ཟད། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ལ་རྒྱ་གཞུང་ཆོས་མེད་སྨྲ་བས་ཐེ་གཏོགས་སྟངས་འཛིན་བྱས་ཏེ། དགོན་པའི་ནང་གི་དགེ་འདུན་པའི་ཞལ་གྲངས་ལ་དམ་བསྒྲགས་ཚོད་འཛིན་དང་། དགོན་པའི་བསླབ་གཞི་གཏན་འབེབས་བྱེད་པའི་ཁར། བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་སྒོར་ཡང་རྒྱ་ནག་གཞུང་གི་ཆོག་མཆན་དགོས་ལུགས་ཀྱིས་ཐེ་བྱུས་བྱེད་ཀྱི་ཡོད་ལ། ཐ་ན་བོད་ཀྱི་མིང་ཨིན་སྐད་ཐོག་ (TIBET) ཞེས་པ་དེའང་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ཏེ། (XIZANG) ཞེས་པར་བརྗེ་སྒྱུར་བཏང་སྟེ། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བྱུས་བྱེད་ཀྱི་ཡོད་པ་གསུངས།
དེ་དང་ཆབས་ཅིག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཀྱི་ལས་ཁུངས་ཁག་གི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས་ལ་ལེགས་བཅོས་དང་། དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་ཡིག་ཆ་ཁག་གྲངས་འཛིན་འཕྲུལ་རིག་ཏུ་བཤེར་འབེབས་གནང་གི་ཡོད་པ་མ་ཟད། ཆོས་རིག་ལས་ཁུངས་ཀྱི་ལས་འཆར་འོག་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་དཔེ་ཆ་ཇི་ཡོད་བཤེར་འབེབས་ཀྱིས་གྲངས་འཛིན་དཔེ་མཛོད་ཀྱི་ངོ་བོར་སྐྲུན་བཞིན་ཡོད་པ་གསལ་བཤད་གནང་བའི་ཐོག ས་གནས་ཀྱི་ལས་ཁུངས་སོ་སོས་ཀྱང་ས་ཆ་དང་ཁྲིམས་མཐུན་དེབ་སྐྱེལ་ཡིག་ཆ་ཁག་གཅེས་ཉར་དགོས་གལ་དང་། ཡུལ་ཁྲིམས་བརྩི་སྲུང་དང་ཡུལ་མི་མཉམ་འཆམ་མཐུན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད།
གསུང་བཤད་རྗེས་དྲི་བ་དྲིས་ལན་སྐབས་མི་མང་ཁག་ཅིག་ནས་ཉེ་ལམ་བོད་མི་སྒེར་བ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཚབས་ཆེ་ཞུས་པར་བློ་འཚབ་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་དེ་དོན་གང་གནང་རྩིས་ཡོད་སྐོར་བཀའ་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་གང་ལ་སུ་ཡོད་ལ་བོད་མིའི་སྒྲིག་འཛུགས་ནས་གདོང་ལེན་གནང་རྒྱུ་ཡིན་པ་དང་། ལྷག་པར་ཉེ་ལམ་ཨོ་གླིང་ནས་བོད་མི་སྒེར་བ་ཞིག་གིས་མགོན་པོ་མཆོག་ལ་མཚན་སྨད་ཚབས་ཆེ་ཞུས་པར་བོད་མིའི་སྒྲིག་འཛུགས་ནས་ཡུལ་ཁྲིམས་དང་བསྟུན་ནས་གདོང་ལེན་གནང་རྒྱུ་ཡིན་གཤིས། ཁ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་བསྐོ་འཛུགས་ཀྱིས་གནད་དོན་དེའི་སྐོར་དཔྱད་ཞིབ་དང་བྱེད་སྒོ་བརྩམ་རྒྱུ་ཡིན་པ་དང་། རྒྱ་ཆེ་མང་ཚོགས་ནས་དེ་ལྟ་བུའི་གཏམ་འཆལ་རིགས་ལ་ཉན་འཇོག་བརྒྱུད་བསྐུར་མི་བྱེད་པའི་ལམ་སྟོན་གནང་རྗེས་ས་འཐུས་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་སྐབས་ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འབྲེལ་ལས་ཐུབ་བསྟན་རིག་འཛིན་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ལས་པདྨ་གཡུ་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།