༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༤ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་གསར་འགོད་པ་ལྷན་འཛོམས་ཐོག་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་འདིའི་ཁོངས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་ཡོད་སྐོར་གསལ་བཤད་དང་སྦྲགས། གསར་འགོད་བསྒྲགས་གཏམ་སྒྲོགས་སྦྱང་གནང་དོན། ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་གི་ནང་། ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་མཁན་བོད་མི་སེང་གེ་ཟེར་བ་ཞིག་གིས་བོད་མིའི་སྤྱི་ཚོགས་འཁྲུག་གཞིའི་གཏམ་འཆལ་འདྲ་མིན་སྤེལ་བཞིན་པ་མ་ཟད། ལྷག་པར་དུ་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དང་མཚོན་རྟགས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་སྐད་ཆ་ཚབས་ཆེན་བཤད་འདུག་པ་དེས། ༸མགོན་པོ་མཆོག་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་དང་། དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་ཚོར་སེམས་འཚབ་ཆེན་པོ་བཟོས་ཡོད།
སེང་གེ་ཟེར་བ་འདིའི་དྲ་མིང་ལ་གངས་སེང་དང་། ཆོས་མིང་ལ་བློ་བཟང་རྒྱ་མཚོ་འབོད་ཀྱི་ཡོད་འདུག་པ་དང་། ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་འབྱོར་རྗེས། ཕྱི་ལོ་ ༢༠༠༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཨོ་གླིང་གཞིས་སྤོའི་ལས་གཞིའི་ཁོངས་ཨོ་སི་ཊོ་ལི་ཡར་འགྲོ་རྒྱུའི་གོ་སྐབས་ཐོབ་འདུག ཁོ་བོས་ལོ་ཤས་གོང་ནས་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་མཚན་སྨད་བྱེད་འགོ་ཚུགས་ཡོད་པ་དང་། སྤུན་མཆེད་དང་ཉེ་འདྲིས་ཚོས་ལམ་ནོར་ལྡོག་ཤེས་ཡོང་བའི་གོ་བསྐོན་སློབ་གསོ་ཇི་བྱས་ལ་ཉན་འཇོག་མི་བྱེད་མཁན་ཞིག་རེད་འདུག
གཏམ་སྤྱོད་དེ་རིགས་ནི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་གང་ཞིག་ལ་འབྲེལ་བ་བཏགས་མིན་ལ་མ་ལྟོས་པར། ལམ་གོལ་དུ་ཕྱིན་པའི་མཚང་རྟགས་དམར་རྗེན་དུ་ཐོན་པ་ཞིག་ཡིན་པ་མ་ཟད། ནག་ཉེས་ཀྱི་ཁྲིམས་འགལ་ལ་ངན་སྐུལ་དང་སྡིགས་སྐུལ་བྱེད་པ་ཞིག་ཀྱང་ཡིན་པས། བོད་མིའི་སྒྲིག་འཛུགས་ནས་ངན་སྤྱོད་དེ་རིགས་སྤེལ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་གདོང་ལེན་བྱ་རྒྱུ་ཡིན་ལགས་ན། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་མི་དེ་ལྟ་བུའི་དཀྲོག་གཏམ་དཀྲུགས་ཤིང་གིས་སྤྱི་ཚོགས་ནང་ཟིང་ལོང་བཟོ་རྒྱུའི་དམིགས་དོན་མི་འགྲུབ་པ་བཟོ་ཆེད། གཞི་མེད་གཏམ་འཆལ་དེ་རིགས་ལ་ལྟ་ཉན་མི་བྱེད་པ་མ་ཟད། སྤྱི་ཚོགས་དྲ་རྒྱའི་ཚོགས་པའམ་སྒེར་ཐོག་གང་དུའང་སྤེལ་འཇོག་མི་བྱེད་པ་དང་། བརྒྱུད་བསྐུར་མི་བྱེད་པ་དགོས་ཤིང་། དོ་བདག་དང་མཉམ་དུ་སྤྱི་ཚོགས་དྲ་ཚོམས་གཅིག་ཏུ་མཉམ་གནས་བྱེད་མཁན་ཚོས་ཀྱང་བསམ་ཞིབ་ནན་ཏན་དགོས་པའི་གཞེན་བསྐུལ་ཞུ་རྒྱུ་བཅས། །