༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༡ ཉིན་སུད་སི་དང་ལིག་ཊེན་ཚེན་བོད་རིགས་མི་མང་གི་སློབ་གྲྭའི་ཕ་སྐད་ཉིན་མོ་ཐེངས་དགུ་པ་དེ་བཞིན་ཛུ་རིག་ས་གནས་སུ་ཚོགས་ཡོད། དེ་ཉིན་སྐུ་མགྲོན་དུ་སུད་སི་སྐུ་ཚབ་དོན་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་དང་། སུད་སི་དང་ལིག་ཊེན་ཚེན་བོད་རིགས་མི་མང་གི་ཚོགས་གཞོན་ཀ་རང་སྐལ་བཟང་རྣམ་རྒྱལ་ལགས་གཉིས་དང་། གཞན་ཡང་ཟུར་དཔང་རྣམ་པ། དགེ་ལས་སློབ་ཕྲུག གཞན་ཡང་ཕ་མ་བཅས་ཚང་འཛོམས་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆོས་སྐྱིད་ལགས་ནས་དགའ་བསུའི་གསུང་བཤད་དང་ཕ་སྐད་ཉིན་མོ་ངོ་སྤྲོད་གནང་རྗེས་སུད་སི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། དེ་བཞིན་སྐད་ཡིག་སྲུང་སྐྱོབ་དང་། ལྷག་པར་མི་བཟང་པོ་ཞིག་ཏུ་འགྱུར་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་གསུང་བཤད་གནང་གྲུབ་མཚམས། སུད་དང་ལིག་ཊེན་ཚེན་བོད་རིགས་མི་མང་གི་ཚོགས་གཞོན་ལགས་ནས་ཀྱང་གསུང་བཤད་གནང་ཡོད།
སུད་སི་གཟའ་མཇུག་སློབ་གྲྭ་ཁག་ ༢༠ ཡི་སློབ་ཕྲུག་གྲངས་ ༤༣༠ ཕ་སྐད་ཉིན་མོར་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སློབ་ཕྲུག་ནང་ཁུལ་བོད་ཀྱི་ཡིག་གཟུགས་དང་། འདྲི་གླེང་། ཀློག་རྩལ། སྙན་ཚིག་གྱེར་འདོན་གྱི་འགྲན་སྡུར་གནང་ཡོད་ཅིང་། ཕྱི་དྲོར་སློབ་ཕྲུག་རྩེ་ཕུད་རྣམས་ལ་བྱ་དགའ་གསོལ་རས་གནང་ཡོད་པ་བཅས།།