༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༤ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་ཐོག་ནས། ཕ་རན་སིའི་རིག་གཞུང་ལས་ཁུངས་དང་། ཕྱི་སྲིད་ལས་ཁུངས། པེ་རེ་སིའི་གྲོང་ཁྱེར་སྤྱི་ཁྱབ་དང་སྤྱི་ཁྱབ་ལས་རོགས། འགྲེམས་སྟོན་ཁང་གཉིས་ཀྱི་འགན་འཛིན། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་བཅས་ལ་འགྲེམས་སྟོན་ཁང་གཉིས་ནས་བོད་ཀྱི་སྐད་དོད་རྒྱ་གཞུང་གི་འདོད་མོས་ལྟར་བསྒྱུར་བཅོས་བྱས་པའི་ཐད་ལ་བློ་ཕམ་ཡོད་པའི་གནས་འབྲེལ་ཡིག་ཆ།
འདི་ལོར་ཕ་རན་སི་དང་། རྒྱ་ནག་དབར་རིག་གཞུང་བརྗེ་རེས་ཀྱི་ལས་འགུལ་སྤེལ་བའི་ཁོངས། དྷུ་ཁའེ་བྷ་ཧན་ལི་འགྲེམས་སྟོན་ཁང་ (Musée du quai Branly) དང་། གྷེ་མེ་འགྲེམས་སྟོན་ཁང་ (the Musée Guimet) ནས། བོད་ཀྱི་རིག་དངོས་རྣམས་དབྱེ་བགོས་བྱེད་སྐབས། ཕ་རན་སིའི་སྐད་ཡིག་ནང་བྱང་གོམས་སུ་སོང་བའི་བོད་ཀྱི་སྐད་དོད་བཀོལ་སྤྱོད་མ་བྱས་པར། རྒྱ་གཞུང་གི་འདོད་པ་བཞིན་དུ་ (Xizang) ངམ་ (Himalaya) ཞེས་པའི་ཐ་སྙད་ཀྱིས་མཚོན་པར་བྱས་འདུག་སྐོར་ཤེས་ཚོར་བྱུང་བར་ཧ་ཅང་བློ་ཕམ་ཆེ།
བོད་ཀྱི་སྐད་དོད་དུ་ (Xizang) ཟེར་བ་ནི་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྐུལ་སློང་དང་བྱུས་འགོད་འོག ཕྱི་ལོ་ ༢༠༢༣ ནས་རྒྱ་ནག་ནང་ཁུལ་གྱི་ཨིན་ཡིག་གི་བརྒྱུད་ལམ་ཁག་ཏུ་ཡོངས་ཁྱབ་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཞིག་ཡིན་པ་དང་། (Tibet) ཞེས་པའི་ཐ་སྙད་འདིའི་ཚབ་ཏུ་ (Xizang) འཇུག་དགོས་དོན་རྒྱ་གཞུང་གིས་འགྲེལ་བཤད་བྱས་པའི་ནང་། དེ་ནི་ “ནུབ་ཕྱོགས་དང་། ཁ་བྲལ་སྟོབས་ཤུགས་ཀྱི་བོད་འབྲེལ་བགྲོ་གླེང་ཁྲོད་ཀྱི་གོ་དོན་རྒྱ་རྙི་ལས་ཐར་ཆེད་དུ་ཡིན་” ལུགས་དང་། (Tibet) ཞེས་པ་བོད་མི་གནས་སྡོད་བྱ་ཡུལ་ཡོངས་ལ་གོ་གི་ཡོད་པ་དེ་འགྲིག་གི་མེད་པ་དང་། (Xizang) ཞེས་པ་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནའི་ས་ཁོངས་མཚོན་གྱི་ཡོད་ལུགས་སྒྲོག་བཞིན་པ་ནི། གནས་སྐབས་རིང་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་གནས་སྟངས་ཤིག་གི་ཐོག་ནས་ཧམ་བཤད་བྱས་པ་མ་གཏོགས། བོད་རིགས་འཚོ་སྡོད་བྱ་ཡུལ་ཆོལ་ཁ་གསུམ་གྱི་ཁྱོན་ལ་བོད་ (Tibet) དང་། མིའུ་གདུང་དྲུག་ལས་མཆེད་པ་རྣམས་ལ་བོད་མི་ (Tibetan) ཞེས་སྲིད་པ་ས་ཆགས་པ་ནས་ད་ལྟའི་བར་རྒྱུན་འཇགས་སུ་ཡོད་པས། ཡོངས་གྲགས་ཀྱི་ཐ་སྙད་ཅིག་གི་གོ་དོན་ཕར་བསྒྱུར་ཚུར་བསྒྱུར་བྱས་ཏེ། བོད་གངས་ཅན་ལྗོངས་སུ་ཆབ་སྲིད་ཀྱི་ཐིག་རིས་ཀྱིས་ཡར་བཅད་མར་བགོས་བྱས་པ་ཙམ་གྱིས་དོན་དངོས་ལ་བཟོ་བཅོས་གཏོང་ཐབས་མེད།
“Xizang” ནི་རྒྱ་སྐད་ཀྱི་ཐ་སྙད་ཅིག་ཡིན་པ་དང་། ཐ་སྙད་འདིའི་ས་ཁོངས་ཁྱབ་ཚད་ཀྱི་གོ་དོན་དེ་མིང་རྒྱལ་རབས་ཀྱི་སྐབས་སུ་བོད་ཆོལ་ཁ་གསུམ་དང་། ཆིང་རྒྱལ་རབས་ནས་རྒྱ་ནག་གུང་ཁྲན་གཞུང་ལ་ཐུག་གི་བར་ས་ཁོངས་ཁྱབ་ཚད་འགྱུར་བ་འདྲ་མིན་བྱུང་ཡོད་ནའང་། རྒྱ་གཞུང་གིས་ཐ་སྙད་དེ་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་གོ་དགོས་ལུགས་བཙན་འགེལ་བྱེད་པ་འདི་ནི། བོད་འདི་ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་དངོས་ལ་འཁྱོག་བཤད་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་བཏང་སྟེ། བོད་རིགས་རྣམས་རྒྱ་བསྒྱུར་བྱེད་བཞིན་པའི་དོན་དངོས་སྦས་སྐུང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གུང་ཁྲན་གཞུང་གིས་ཁྲིམས་མཐུན་ཐོག་འཛིན་སྐྱོང་བྱེད་བཞིན་ཡོད་ལུགས་ནོར་འཁྲུལ་གྱི་གོ་རྟོགས་སྤེལ་བཞིན་པའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན།
འོན་ཀྱང་། རང་དབང་ (Liberté) དང་། འདྲ་མཉམ་ (Égalité) ། མཛའ་བརྩེ་ (Fraternité) བཅས་བླ་སྲོག་ཏུ་བཟུང་བའི་ཕ་རན་སིའི་རྒྱལ་སའི་ནང་། ཕ་རན་སིའི་རིག་གནས་སྡེ་ཁག་གལ་ཆེན་འདི་རིགས་ནས་ཀྱང་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ཀྱི་དམིགས་དོན་སྒྲུབ་ཐབས་ལ་ལག་འབྲེལ་བྱེད་པ་ནི་བློ་ཕམ་གྱི་གནས་ཡིན་ཞིང་། སོ་སོའི་སྐད་ཡིག་གི་གོམས་བྱང་དང་བོད་མིའི་འདོད་འདུན་ལ་ལྟོས་མེད་ཀྱི་སྒོ་ནས་རྒྱ་གཞུང་གིས་ཆུ་སྣ་གར་ཁྲིད་བྱེད་ཆོག་ཆོག་ཆགས་པ་དེ་ནི་རང་དབང་མང་གཙོའི་ཡུལ་ལུང་ཀུན་ལ་མིག་ལྟོས་ངན་པ་ཞིག་ཆགས་ཡོད།
དེར་བརྟེན། འགྲེམས་སྟོན་ཁང་འདི་གཉིས་ནས་རང་ཉིད་ཀྱི་ལངས་ཕྱོགས་ལ་བསྐྱར་ཞིབ་གནང་སྟེ། ལོ་རྒྱུས་ཀྱི་དོན་དངོས་དང་། རྒྱལ་སྤྱིའི་ཁྲིམས་ལུགས། བོད་མིའི་མངོན་འདོད་བཅས་གཞི་རྩར་བཞག་སྟེ། བོད་ལ་འགྲེལ་བཤད་ཡང་དག་ཅིག་རྒྱག་པའི་འབོད་སྐུལ་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༤ ལ། །
ཁྱེད་ཅག་ལ་ལོ་རྒྱུས་རྒྱབ་ལྗོངས་ཀྱི་དཔྱད་གཞི་འབུལ་བ་གཤམ་གསལ།
བོད་མི་རྣམས་འཚོ་གནས་བྱ་ཡུལ་གྱི་མཐོ་སྒང་འདིར་བོད་མི་ཚོས་ “བོད་” ཅེས་དང་། རང་ཉིད་ལ་ “བོད་པ་” འམ། “བོད་མི་” ་ཞེས་འབོད་ཀྱི་ཡོད་པ་ལྟར། ཆེས་ཐོག་མར་རྒྱ་གར་གྱི་གནའ་བོའི་སྐད་ཡིག་སཾསྐྲྀཏ་དང་པ་ལིའི་སྐད་དུ་ ”བྷོ་ཊ་” དང་ “བྷོ་ཊྚ་” ཞེས་ “བོད་” སྒྲ་ལས་ཟུར་ཆག་ཅིང་། དེ་ནས་ཨ་རབ་ཀྱི་སྐད་དུ་ (Tubbat) དང་། པར་ཤི་ཡའི་སྐད་དུ་ (Tibat) ། རྒྱ་ནག་ཐང་གི་སྐད་དུ་ “ཏ་བྷོད་” (大蕃) དམ་ “ཐུའུ་བྷོད་” (吐蕃) ཅེས་མཆེད་དེ་བྱུང་བ་ཞིག་ཡིན་པ་མ་ཟད། དུས་རབས་ ༡༣ ནང་མར་ཀོ་པོ་ལོས་ (Tebet) ཞེས་སྨོས་ཡོད་ཅིང་། དུས་རབས་བཅུ་བདུན་པ་ནས་ཨིན་སྐད་དུ་ (Tibet) ཞེས་རྒྱ་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་འགོ་ཚུགས་ཡོད།
(Xizang)དང་ (wusizang) ཟེར་བ་འདི་རྒྱ་ནག་མིང་རྒྱལ་རབས་ཀྱི་ཡིག་ཆ་དང་ས་ཁྲའི་ནང་འབྱུང་སྐབས་དར་རྩེ་མདོ་དང་དེ་ཡན་གྱི་བོད་ཀྱི་ས་ཁྱོན་ལ་གོ་བ་དང་། རྒྱ་ནག་ལ་རྒྱལ་རབས་ཀྱི་མིང་ནས་ཡུལ་དང་དེའི་ཡུལ་མི་ལ་འབོད་སྲོལ་སྔོན་མ་ནས་ཡོད་པ་བཞིན། སྐབས་དེར་བོད་སྤྱི་ལ་གཙང་པ་རྒྱལ་པོས་མངའ་དབང་སྒྱུར་བཞིན་པ་ལ་ལྟོས་ཏེ་ (Xizang 西藏) ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱས་པ་ཡིན་སྐོར་མཁས་པ་ཚོས་གསུང་གི་ཡོད་ལ། དེ་ལྟར་ན་ (Xi) ནི་ནུབ་སྟེ་མིང་རྒྱལ་ཁབ་ལ་ལྟོས་པའི་ས་ཕྱོགས་དང་། (zang) ནི་གཙང་པ་རྒྱལ་པོར་གོ་དགོས། མན་ཇུའི་དུས་སུའང་ཐོག་མར་ཐང་གུ་ཐེ་ (tanggute) དང་། ཐེ་པའེ་ཐེ་ (tubaite) ཞེས་ “བོད་” ལས་ཟུང་ཆག་སྟེ་འབོད་བཞིན་ཡོད་ནའང་། ༧རྒྱལ་དབང་སྐུ་ཕྲེང་བདུན་པའི་རྗེས་ནས་བཟུང་། མན་ཇུ་དང་གོ་མིན་ཏང་སྲིད་གཞུང་གིས་མདོ་ཁམས་ཀྱི་ས་ཁུལ་ཁག་བཙན་བཟུང་བྱ་ཡུལ་དུ་ཐ་སྙད་འདྲ་མིན་གསར་བཟོ་དང་། དགའ་ལྡན་ཕོ་བྲང་གིས་མངའ་དབང་བསྒྱུར་ཡུལ་རྣམས་ལ་ (Xizang西藏) ཞེས་ས་ཁྱོན་ཡང་འཕེལ་འགྲིབ་ཅི་རིགས་བྱུང་ཡོད།
ད་ལྟའི་བར་དུ། བོད་མི་ཚོས་བོད་ཅེས་པའི་ཐ་སྙད་ཀྱི་ཁྱབ་ཁོངས་ངོས་འཛིན་བྱེད་སྐབས། བོད་བཙན་པོའི་རྒྱལ་རབས་སྐབས་སུ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་དབྱེ་སྲོལ་ཡོད་པ་དང་། ས་སྐྱ་བས་བོད་ལ་དབང་ལུང་སྒྱུར་སྐབས་སུ་དབུས་གཙང་དང་། ཁམས། ཨ་མདོ་བཅས་ཆོལ་ཁ་གསུམ་གྱི་ས་ཁོངས་དབྱེ་སྲོལ་ཡོད་པ་དེ་ད་ལྟའི་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ངག་ལམ་དུ་རྒྱུན་འཇགས་སུ་ཡོད།
ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམག་གིས་བོད་ས་རིམ་ཟོས་ཀྱིས། ཤིས་ཙང་རང་སྐྱོང་ལྗོངས་ཟེར་བ་དེ་མ་བཙུགས་པའི་གོང་དུ་བོད་མི་གནས་ཡུལ་གྱི་ས་ཁོངས་རྣམས་མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་དང་། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་བཞི་ཡི་ནང་བཅད་བགོས་བྱས་ཤིང་། ཕྱི་ལོ་ ༡༩༦༥ ལོར་ཤིས་ཙང་རང་སྐྱོང་ལྗོངས་ཟེར་བ་བཙུགས་རྗེས། Xizang ཟེར་བ་དེ་རང་སྐྱོང་ལྗོངས་ཀྱི་འཛིན་སྐྱོང་ས་ཁོངས་ཁོ་ནར་བཏགས་པ་ཞིག་དང་། དེའི་ས་ཁྱོན་ནི་ཕྱི་ལོ་ ༡༩༣༢ ལོར་གོ་མིན་སྲིད་གཞུང་དང་བོད་གཞུང་དབར་སྐམ་ཐོག་ཆིངས་ཡིག་བཞག་པ་དེར་མཚམས་འཛིན་བྱས་པ་ཞིག་རེད་འདུག་ནའང་། ཤིན་ཅང་དང་། ནང་སོག ཉིན་ཞ། ཀོང་ཞི་སོགས་ལ་རང་སྐྱོང་བྱ་ཡུལ་གྱི་མི་རིགས་གཙོ་བོའི་མིང་འབོད་སྲོལ་ཡོད་པ་ནང་བཞིན། ཤིས་ཙང་བོད་རིགས་རང་སྐྱོང་ལྗོངས་ (xizang Tibetan autonomy region) ཞེས་འབོད་ཀྱི་མེད།
བོད་མི་དང་བོད་རིགས་ལ་རྒྱ་སྐད་དུ་ (zangren藏人) དང་ (zangzu 藏族) ཞེས་འབོད་ཀྱི་ཡོད་པ་ལྟར། རྒྱ་ནག་གུང་ཁྲན་གཞུང་གིས་ཨིན་ཡིག་ཏུ་ད་དུང་ (Tibetan) མུ་མཐུད་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག་པ་དཔེར་ན། (Xizang) ཟེར་བ་དེའི་ཁོངས་སུ་མ་འདུས་པའི་བོད་རིགས་ས་ཁུལ་རྣམས་སུ་རང་སྐྱོང་ཁུལ་བཅུ་དང་། རང་སྐྱོང་རྫོང་གཉིས་བཀར་བ་དེ་དག་ཏུ་ (Tibetan Autonomous Prefecture and county) ཞེས་བྲིས་པ་དེ་ད་བར་མིང་བསྒྱུར་བྱས་པ་མཐོང་མ་བྱུང་།
རྒྱ་ནག་གཞུང་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་བྱས་ན། ཁྲིམས་ཡིག་དེ་དག་ཏུ་འཁོད་པའི་རང་སྐྱོང་གི་ཐོབ་ཐང་དེ་མི་རིགས་གཞིར་བཟུང་མ་གཏོགས་ས་ཁོངས་ལ་སྦྱར་ཆོག་གི་མེད་སྟབས། མི་རིགས་ག་གེ་མོ་ས་ཁོངས་རང་སྐྱོང་ཟེར་བ་ལས། ས་གནས་ཆེ་གེ་མོ་རང་སྐྱོང་ཟེར་བ་ཡོང་ཤེས་ཐབས་མེད་པ་དཔེར་ན།རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ལག་བསྟར་བྱ་ཡུལ་གྱི་ཧོང་ཀོང་དང་། མཱ་ཁའོ་ལྟ་བུ་ལའང་དམིགས་བསལ་འཛིན་སྐྱོང་ས་ཁུལ་ (Special Administrative Region) ཟེར་བ་ལས། རང་སྐྱོང་གི་ཐ་སྙད་སྦྱར་མེད།
རྒྱ་ནག་གུང་ཁྲན་གཞུང་ལ་འདི་ལྟ་བུའི་མགོ་རྙོག་ཡོང་དོན་ནི། དེང་སང་བོད་ས་ཁྱོན་ཡོངས་སུ་ “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་” ཟེར་བའི་སྲིད་བྱུས་འོག བོད་ཕྲུག་ས་ཡ་གཅིག་ཙམ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཙན་འཇུག་གིས་རྒྱའི་སྐད་ཡིག་དང་དམར་པོའི་ལྟ་སྤྱོད་སློབ་སྤེལ་དང་། རྒྱུ་མཚན་འདྲ་མིན་ལ་བསྙད་དེ་གཞི་ཁྱོན་ཆེ་བའི་སྒོ་ནས་བོད་མིའི་མི་འབོར་སྤོ་བཤུག བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་ལུགས་བསྒྲགས་ཏེ་དགོན་པའི་འཛིན་སྐྱོང་དང་། སློབ་གཉེར་གྱི་བྱེད་སྒོ་ཚང་མར་རྒྱ་གཞུང་གིས་སྟངས་འཛིན། བོད་ས་མཐོའི་འབྲོག་པ་རོང་ལ་ཕབ་ཤུལ་དུ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། སྤྱི་གླིང་སོགས་ཀྱི་མིང་ཐོག་ནས་ས་ཆ་བཙན་བསྡུ་བྱེད་པ་སོགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྙན་ཐོ་དང་། ཡུ་རོབ་མནའ་འབྲེལ་གྱི་སྙན་ཐོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ། དེ་བཞིན་རང་དབང་ལྡན་པའི་ཞིབ་འཇུག་ཁང་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཇི་སྙེད་ཅིག་གིས་ཞིབ་འཇུག་གྲུབ་དོན་ལས་ཐེར་འདོན་རིམ་ཅན་དུ་གནང་བ་དེར་སྐྱེངས་འདྲོགས་ལངས་ཏེ། སོ་སོའི་སྐྱོན་མཚང་འགེབས་སྦས་ཆེད། དམར་པོའི་འཐབ་རྩོད་ཀྱི་རིགས་ལམ་སྤྱད་དེ། བོད་དོན་རྒྱབ་སྐྱོར་བྱེད་མཁན་ནུབ་ཕྱོགས་རང་དབང་ལུང་པར་ཁ་གཏད་བཅག་པའི་བྱ་སྤྱོད་ཅིག་ཡིན།
འདི་ལོ་ཕྱི་ཟླ་ ༧ ཚེས་ ༡༢ ཉིན། ཨ་རིའི་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་གསལ་བསྒྲགས་གནང་བའི་ནང་། རྒྱ་གཞུང་གིས་བོད་འདི་གནའ་སྔ་མོ་ནས་རྒྱ་གཞུང་གི་ཆ་ཤས་ཡིན་ཟེར་བ་དེ་ལོ་རྒྱུས་ཐོག་དངོས་བདེན་མིན་པ་དང་། བོད་ཅེས་པ་དེ་རྒྱ་གཞུང་གིས་སྒྲོག་པའི་ཤིས་ཙང་ཁོ་ན་མ་ཡིན་པར་ཆོལ་ཁ་གསུམ་གྱི་ས་ཁྱོན་ཚུད་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་ཚོས་སོ་སོའི་ཆོས་དང༌། རིག་གཞུང༌། སྐད་ཡིག ལོ་རྒྱུས། མི་ཚེ་སྐྱེལ་སྟངས་དང་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ལ་འགོག་གནོན་བྱེད་བཞིན་ཡོད་ཅེས་གསལ་སྟོན་གནང་འདུག
(སྲིད་སྐྱོང་གི་ཕྱག་བྲིས་འདི་སྦེལ་ཇམ་སྐུ་ཚབ་དོན་གཅོད་བརྒྱུད་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༤ ཉིན་ཁུངས་གཏོང་བྱས་ཡོད།)