༢༠༡༢ ཟླ་ ༢ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་༼བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས། ༡༩༤༩།༢༠༡༢༽ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྐུ་མགྲོན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གཙོས་གསར་འགོད་པ་ལྷན་འཛོམས་ཐོག་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམ་པར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་གྲུབ་མཚམས་དཔེ་དེབ་རྩོམ་སྒྲིག་པའི་ངོས་ནས་དཔེ་དེབ་དེ་བཞིན་རྩོམ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་ཡོད། དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་དོན། ཐོག་མར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་དབུས་འབྲེལ་ཡོད་རྩོམ་སྒྲིག་པ་དང་ཁོང་གི་ཕྱག་རོགས་རྣམ་པ། གསར་འགོད་རྣམ་པ་བཅས་ལ་སྔ་དྲོ་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་རྩོམ་སྒྲིག་པ་གཉིས་ཀྱིས་༼བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས།༽ཞེས་པའི་བརྗོད་གཞི་བཞག་སྟེ་གནད་ཡོད་མི་སྣ་དང་ས་ཕྱོགས་གང་ནས་རྩོམ་བསྡུས་གནང་བ་མ་ཟད། ཁོང་རྣམས་ཀྱིས་རྣམ་དཔྱོད་བཏོན་ཏེ་སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་འདི་འདྲ་ཞིག་འདོན་སྤེལ་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དཔེ་བདེ་འདི་བརྒྱུད་ནས་ང་ཚོ་བོད་མིའི་འདས་ཟིན་པའི་གནས་སྟངས། རྒྱ་ནག་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་རྟོགས་ཐུབ་རྒྱུ་དང་འབྱུང་འགྱུར་ཡང་ང་ཚོས་ལངས་ཕྱོགས་གང་ཞིག་འཛིན་རུང་འཆར་གཞི་ལྡན་པའི་ཐོག་ཕྱོགས་ཚང་མ་ནས་མཉམ་རུབ་ཀྱི་འགན་འཁུར་བྱེད་དགོས་པའི་རྣམ་པ་ཤུགས་ཆེན་པོ་ཞིག་གོང་དུ་གསུངས་པའི་གསར་འགོད་གསལ་བསྒྲགས་ནང་འདུག་སྙམ་བྱུང་། བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཞེས་པའི་དཔེ་དེབ་འདིར་ཐད་ཀར་བསམ་བློ་བཏང་ན། ཕྱི་ལོ་ ༡༩༤༨།༤༩ ནས་རྒྱ་སྤྱིའི་ནང་ང་ཚོ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་དོན་རྐྱེན་ཞིག་སླེབ་ཀྱི་ཡོད། དེ་བཞིན་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་ཉེས་རྡུང་འོག་ཚེ་སྲོག་ཤོར་དང་མནར་གཅོད་མྱངས་པའི་གྲངས་ཁ་ང་ཚོས་དམིགས་བསལ་བཏོན་ཐུབ་མེད་ཀྱང་བགྲང་ལས་འདས་པ་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༨ ལོར་ཡོངས་གྲགས་བོད་མི་ཉིས་བརྒྱ་ལྷག་དམར་གསོད་བཏང་བའི་མིང་དང་། ལོ། ཕ་ཡུལ་བཅས་ཁ་གསལ་བྱུང་ཡོད། ཕྱི་ལོ་ ༢༠༠༩ ལོར་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་རེད། ཉེ་ཆར་འཛམ་ཐང་ལ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་དུས་ད་ལྟ་བར་རང་ལུས་ཞུགས་འབུལ་གནང་མཁན་ཁྱོན་བོད་མི་གྲངས་ ༢༣ ཙམ་ཞིག་བྱུང་ཡོད་པའི་ཁྲོད་ནས་ ༡༥ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད། དེ་བཞིན་ ༨ ཙམ་གྱི་འཆི་གསོན་དང་ད་ལྟ་ས་གནས་ཕྱོགས་གང་ཞིག་ཏུ་ཡོད་མེད་ཀྱི་གནས་སྟངས་ང་ཚོས་ཤེས་རྟོགས་ཐུབ་མེད། ཕྱོགས་མཚུངས་ཉེ་ཆར་རྒྱ་ནག་གཞུང་གིས་རྟའུ་དང་བྲག་མགོ་སོགས་ཀྱི་ས་ཁུལ་ནས་བོད་མི་བདུན་ལྷག་དམར་གསོད་བཏང་ཡོད། དེ་ལྟ་བུ་ཐོག་ལྟ་སྐབས་བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་དེ་རང་བཞིན་གྱིས་སླེབས་པ་ཞིག་ཆགས་ཡོད། ཅེས་སོགས་དང་།
ཡང་ཁོང་གིས་གསུང་དོན། རྒྱ་ནག་གཞུང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུས་མཚོན་ཕྱི་ལོ་ ༢༠༠༨ བོད་མིའི་སྒེར་ལངས་ཀྱི་ལས་འགུལ་དེ་དག་ལ་རྡུང་གཅོག་འཕྲོག་སྲེག་ཟེར་བའི་ཐ་སྙད་དེ་འདྲ་བཏགས་ཡོད། ད་ལྟའི་གནས་སྟངས་ལ་རང་སྲོག་བློས་གཏོང་གིས་རང་ལུས་ཞུགས་འབུལ་བྱེད་ཕྱོགས་ལ་ཡང་འཇིགས་སྐུལ་རུང་ལུགས་ཀྱི་རྣམ་པ་ཡིན་པའི་ངོ་བོར་རྒྱ་གཞུང་ནས་གཞུང་འབྲེལ་གྱི་ཐོག་དྲིལ་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་དེ་དངོས་ཡོད་གནས་སྟངས་ཆགས་ཀྱི་ཡོད་མེད་ཞིབ་འཇུག་དང་གནས་ཚུལ་མཁོ་སྒྲུབ་བྱེད་དགོས་པ་མ་ཟད། དེབ་ནང་འགོད་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ང་ཚོའི་ད་ལྟའི་མི་རབས་འདི་མི་རབས་གསུམ་པ་ལྟ་བུ་ཆགས་ཀྱི་ཡོད། འབྱུང་འགྱུར་མི་རབས་རྣམས་ལ་ལྷག་བསམ་དང། སེམས་ཤུགས། སྙིང་སྟོབས་ཡོད་ནའང་བོད་དོན་གྱི་སྒྲུབ་ཕྱོགས་ཀྱི་ལས་འགན་འཁུར་མ་ཤེས་པ་ལྟ་བུ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། གང་ཡིན་ཟེར་ན། ལོ་རྒྱུས་ཀྱི་འཕོ་འགྱུར་གྱི་གནས་སྟངས་ང་ཚོས་གསུངས་མ་ཐུབ་ན། བར་དུ་ལྷག་སྐབས་ཤ་ཁྲག་རུས་གསུམ་བོད་མི་རིགས་ཀྱི་ཡིན་ནའང་རང་བཞིན་གྱིས་མི་རིགས་གཞན་གྱི་རྣམ་པ་འགྱུར་རྒྱུ་ཙམ་རེད་མ་གཏོགས། སོ་སོའི་མི་རིགས་ཀྱི་རིགས་གཞུང་དང། ཁོར་ཡུག གོམས་གཤིས་སྲུང་སྐྱོབ་བྱ་རྒྱུའི་ཐོག་ཁོང་ཚོར་སེམས་ཤུགས་དང་སྙིང་སྟོབས་མེད་པ་མ་རེད། འོན་ཀྱང་དེའི་འགན་ཁུར་མ་ཤེས་པའི་གནས་སྟངས་ཆགས་རྒྱུའི་ཉེན་ཁ་འདུག དེར་བརྟེན་ང་ཚོས་ད་ལྟའི་གནས་སྟངས་དེའི་ཐོག་བལྟས་ན་རྩོམ་པ་པོ་དང་ཤེས་ཡོན་པ་རྣམས་ཀྱིས་ཡིག་ཐོག་ཏུ་ཞིབ་འཇུག་དང་གནས་ཚུལ་གྱི་རྣམ་པ་ཡིན་ནའང་འདྲ། གང་ལྟར་དེ་དག་དེབ་གཟུགས་སུ་འགོད་ཐུབ་པ་བྱ་རྒྱུ་ཙམ་མ་ཟད། བཤད་ཐུབ་པ་དང་སེམས་ལ་དྲན་ཐུབ་པའི་སྒོ་ནས་ང་ཚོ་མི་རབས་གསར་པ་ཚོས་འདི་ལྟ་བུའི་འགན་ཁུར་ཏེ་འབྱུང་འགྱུར་གྱི་མི་རིགས་ལ་གཞི་རྩ་བཞག་ས་ཞིག་ང་ཚོས་འཚོལ་སྒྲུབ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་བཞིན་རྒྱལ་སྤྱིའི་ནང་ལའང་དེང་སང་གི་བརྒྱུད་ལམ་འདྲ་མིན་མང་དག་ཅིག་ཡོད་པ་དེ་དག་ང་ཚོས་བེད་སྤྱོད་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་མཛད་སྒོར་ཕེབས་པའི་སྐུ་མགྲོན་སོགས་ལ་དཔེ་དེབ་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཡོད།
༼བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས།༽ཞེས་པའི་དཔེ་དེབ་དེ་བཞིན་འཇིགས་བྲལ་བསྟན་འཛིན་ལགས་དང་བོད་ཀྱི་བང་ཆེན་གསར་འགོད་པ་བཀྲ་ཤིས་བདེ་ལགས་ཀྱིས་གཙོ་འགན་ཁུར་ཐོག་རྩོམ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས། །
བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བ།
གསར་གནས།
འབྲེལ་གནས།