༢༠༡༢ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་ གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་ བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་གྱུར་འདུག
ཁོང་གི་སྐུ་ལུས་མེར་སྲེག་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཡོད་པ་དང་། སྐབས་དེར་ཇོ་ནང་དགོན་པའི་དགེ་འདུན་པ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་ སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་འདུག ཁོང་གི་སྐུ་ཕུང་འཛམ་ཐང་དགོན་ཆེན་དུ་ཁྱེར་ཏེ་ཕོ་ལུང་དང་བསྔོ་སྨོན་སོགས་བཏོན་ འདུག དེའི་རྗེས་ས་གནས་གང་ནས་འབྱོར་མིན་མི་ཤེས་པའི་དམག་མི་ཕོན་ཆེན་ཞིག་འཛམ་ཐང་ དགོན་པར་འབྱོར་ཡོད་པ་དང་། དེ་བཞིན་དུ་རྫོང་གི་ཉེན་རྟོག་པ་དང་། ལས་བྱེད་པ་ཚོས་བཙན་བཀའ་བཏང་སྟེ་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་དེ་ཉིན་ དགོང་མོ་གང་མགྱོགས་ཞུགས་འབུལ་བྱེད་དགོས་པ་དང་། གལ་སྲིད། དེ་ཉིན་གྱི་དགོང་མོ་ཁོང་གི་སྐུ་ཕུང་ཞུགས་འབུལ་མ་བྱས་ཚེ་ཕྱིར་བཙན་འཕྲོག་བྱ་ རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས། དགོང་མོ་བོད་ནང་གི་ཆུ་ཚོད་ ༡ སྟེང་རྒྱལ་གཅེས་པ་དཔའ་བོ་ཁོང་གི་སྐུ་ཕུང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་ དུར་ཁྲོད་ནང་ཞུགས་འབུལ་བྱ་རྒྱུ་ཡིན་པར་བརྟེན། འཛམ་ཐང་དགོན་ཆེན་དུ་འཛམ་ཐང་དགོན་པའི་དགེ་འདུན་འདུ་མང་དང་། དེ་བཞིན་འཛམ་ཐང་ས་ཁུལ་གྱི་དགོན་སྡེ་གཞན་དག་ནས་ཀྱང་གྲྭ་བཙུན་མང་པོ་འབྱོར་ ཡོད་པ་དང་། ད་ལྟའི་ཆར་དགོན་པའི་ཉེ་འདབས་ཀྱི་དུར་ཁྲོད་ནང་གྲྭ་བཙུན་ ༡༠༠༠ ལྷག་འཛོམས་ཡོད་པ་མ་ཟད། ས་གནས་མང་ཚོགས་ཀྱང་ཧ་ཅང་མང་པོ་སླེབས་ཡོད་སྟབས། རྒྱ་གཞུང་གིས་དྲག་ཆས་དམག་མི་མང་པོ་བཏང་སྟེ་དགོན་པའི་ཉེ་འདབས་དུར་ཁྲོད་ཀྱི་ མཐའ་ཡོངས་སུ་བསྐོར་ཏེ་དམ་བསྒྲགས་ཤུགས་ཆེན་པོ་བྱས་འདུག
ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་དོན་ལྟར་ན་རྒྱལ་གཅེས་པ་དཔའ་བོ་སྣང་གྲོལ་ལགས་ ཀྱི་ཞལ་ཆེམས་ཡི་གེ་ཞིག་ཀྱང་བཞག་ཡོད་པའི་ནང་། ཁོང་གིས་བོད་ཁ་བ་གངས་ཅན་པའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པས། ནང་མི་ཉེ་འབྲེལ་ཚང་མས་ཁོང་གི་ཆེད་དུ་སེམས་ཁྲལ་དང་ཡིད་སྐྱོ་མ་གནང་རོགས་ཞེས་ སོགས་བྲིས་འདུག་བརྗོད་བཞིན་འདུག སྤྱན་གཟིགས་ཚང་ལ་བུ་ཕྲུག་བརྒྱད་པའི་ཡོད་ནང་ནས་ཁོང་ནི་བཞི་པ་དེ་ཡིན་འདུག་ལ། ཁོང་ལས་ཆེ་བ་བུ་མོ་གཉིས་དང་། བུ་གཅིག་ཡོད་འདུག་པ་བཅས།།
རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
གསར་གནས།
འབྲེལ་གནས།