༄༅། །བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༦༤ འཁོར་བའི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུ་བའི་གལ་ཆེའི་ཉིན་མོ་འདི་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་རྒྱ་ཆེ་བཞེས་ཀྱིས་བོད་མིར་མང་གཙོ་གསོལ་སྩལ་གནང་སྟེ་རླབས་ཆེན་གྱི་ལམ་སྟོན་ཟབ་མོའི་འོག་རང་དབང་དང་། འདྲ་མཉམ། དྲང་བདེན་གཞི་རྩར་བཟུང་ནས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོར་བསྐྱོད་རྒྱུའི་མང་ཚོགས་ནས་འོས་འདེམས་ཞུས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་ཁུར་དམ་འབུལ་ཞུས་ཉིན་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་དབུ་བརྙེས་པ་དང་། ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༩ ཚེས་ ༢ ཉིན་གཞུང་འབྲེལ་གྱིས་མང་གཙོའི་དུས་དྲན་སྲུང་བརྩི་ཞུ་འགོ་ཚུགས་པ་ནས་ད་བར་སྲུང་བརྩི་ཞུ་མུས་ཡིན།
བོད་ས་མ་ཤོར་གོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས་དེ་སྔའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གནང་རྒྱུའི་དགོངས་གཞི་ཡོད་ནའང་། བོད་ནང་རྒྱ་གཞུང་གིས་བཙན་འཛུལ་བྱས་པའི་གནས་སྟངས་ཀྱིས་རྐྱེན་པས་དགོངས་བཞེད་ཇི་བཞིན་ཕྱག་བསྟར་བྱུང་མེད།
བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་བོད་གཞུང་གི་ལས་དོན་ཚགས་ཚུད་ཡོང་ཐབས་དང་། མི་མང་གི་སྐུ་ཚབ་མཚོན་པའི་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་རྒྱུའི་ཐུགས་ཐག་བཅད་གནང་ཡོད། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོར་བསྒྱུར་རྒྱུར་མི་མང་ལ་མང་གཙོའི་གོ་རྟོགས་དང་འདོད་བབ་དེ་ཙམ་མེད་རུང་༸གོང་ས་མཆོག་གིས་འཕྲལ་ཕུགས་ཀྱི་དགེ་མཚན་དུ་མར་གཟིགས་ཏེ་ཐུགས་བརྩེ་ཆེན་པོས་དགེ་སྐྱོན་ཡོ་བསྲང་གི་ལམ་སྟོན་བཀའ་སློབ་ཟམ་མ་ཆད་པ་གནང་སྟེ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་བཟང་པོ་འཛུགས་གནང་མཛད་པ་འདི་ལྟ་བུ་ནི་འཛམ་གླིང་གི་ལོ་རྒྱུས་ནང་ཧ་ཅང་མཐོང་དཀོན་པོ་ཞིག་ཆགས་ཡོད། ཚང་མས་མཁྱེན་གསལ་ལྟར་དེང་གི་ཆར་མང་གཙོ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཕལ་མོ་ཆེའི་ལོ་རྒྱུས་ནང་བློས་བཏང་ཆེན་པོས་འཐབ་རྩོད་བྱས་ཏེ་མང་གཙོའི་ལམ་ལུགས་ལ་ལོངས་སྤྱོད་རྒྱུ་བྱུང་ཡོད་ན་ཡང་། བོད་མིའི་མང་གཙོའི་འཕེལ་རིམ་ནི་མགོན་པོ་གང་ཉིིད་ཀྱིས་རླབས་ཆེན་གྱི་དགོངས་བཞེད་དང་མཛད་འཕྲིན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན།
བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནི་སྲིད་དོན་གྱི་ཤོག་ཁག་མེད་ཅིང་སྲིད་འཛིན་ལམ་ལུགས་དང་། གྲོས་ཚོགས་ལམ་ལུགས་གཉིས་ཀའི་ལེགས་ཆ་ལྡན་པའི་ལམ་སྲོལ་དམིགས་བསལ་ཅན་ཞིག་ཆགས་ཡོད། དེ་ཡང་ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་གནང་མཛད་པ་དང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་སྐབས་ ༡༡ པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་བ་ནས་བཟུང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྐྱོད་ཐུབ་པ་བྱུང་ཡོད་ལ། ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དང་། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་ཞུ་རྒྱུའི་ལམ་སྲོལ་གཏོད་གནང་བ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་འཕྲལ་ཡུན་དགག་དགོས་དུ་མར་གཟིགས་ཏེ་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་རྣམས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་བསྩལ་གནང་བ་བཞིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མིའི་གནས་སྟངས་དང་འཚམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་གྲོས་ཚོགས་ནས་གཏན་འབེབས་བྱེད་ཐུབ་པ་བྱུང་ཡོད་ལ། དེ་དག་ལ་དགོས་ངེས་ཀྱི་བསྐྱར་བཅོས་ཀྱང་གྲོས་ཚོགས་ནས་གནང་དང་གནང་མུས་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་ཁག་གཞི་རྩར་བཟུང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་མཐའ་དག་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་མང་གཙོའི་འགྲོ་ལུགས་ཐོག་སྐྱོད་བཞིན་པ་མ་ཟད། ༸གོང་ས་མཆོག་གི་ཐབས་མཁས་ཐུགས་རྗེའི་ལམ་སྟོན་བཟང་པོའི་འོག་འཛམ་གླིང་ནང་སྐྱབས་བཅོལ་བ་གཞན་སུ་ལའང་མེད་པའི་སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པའི་མང་གཙོའི་ལམ་ལུགས་ཆ་ལག་ཚང་བ་ཞིག་ང་ཚོས་ལག་ལེན་བསྟར་བཞིན་ཡོད།
བཙན་བྱོལ་ནང་བོད་མིའི་ཆོས་དང་། རིག་གཞུང་། ཤེས་ཡོན། དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་འདི་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པས་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད། ཡིན་ནའང་རང་རིགས་བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལོངས་སུ་སྤྱོད་རྒྱུའི་འགན་ཁུར་ལྡན་པའི་ཐོག་ཧ་ཅང་གཉན་འཕྲང་ཆེ་བའི་དུས་ཚོད་འདིར་བོད་མི་ཡོངས་རྫོགས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་བཅས་དར་རྒྱས་ཡོང་ཐབས་ལ་འབད་སྒྲུབ་གནང་དགོས་པ་གལ་ཆེར་མཐོང་།
བོད་ནང་གི་རང་རིགས་སྤུན་ཟླ་རྣམས་ཀྱིས་མང་གཙོའི་ལམ་ལུགས་ལ་ལོངས་སུ་སྤྱོད་རྒྱུ་ལྟ་ཞོག་རྒྱ་ནག་དམར་པོའི་གཞུང་གི་གདུག་རྩུབ་ཆེ་བའི་མཁྲེགས་བཟུང་གི་སྲིད་བྱུས་འོག་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་སྟངས་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་དང་། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་ཆེད་བོད་ཕྲུག་ན་གཞོན་ས་ཡ་གཅིག་ལྷག་ཙམ་གཏན་འཇགས་སློབ་གྲྭའི་ནང་དུ་བཅུག་ནས་རྒྱ་སྒྱུར་གྱི་སྲིད་བྱུས་དང་། བོད་ཀྱི་ཆོས་དང་། རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཆེད་བོད་ཀྱི་ཆོས་དང་། རིག་གཞུང་གི་ལྟེ་གནས་ཁག་རྩ་མེད་བཟོ་བའི་སྲིད་བྱུས་ལོ་མང་གོང་ནས་ལག་བསྟར་བྱེད་བཞིན་ཡོད། ཉེ་ཆར་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༢ ཉིན་བོད་མགོ་ལོག་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་བཙན་བཀའ་བཏང་སྟེ་འཕྲལ་དུ་སྒོ་རྒྱག་དགོས་བྱུང་ཡོད། སློབ་གླིང་དེ་བཞིན་ཕྱི་ལོ་ ༡༩༩༤ ལོ་ནས་རྒྱ་ནག་གཞུང་གི་ཚན་པ་མང་པོར་ཆོག་མཆན་ཞུས་པ་བརྒྱུད་གསར་འཛུགས་བྱས་པ་ཞིག་ཡིན་འདུག མི་ལོ་སུམ་ཅུ་ཙམ་གྱི་རིང་སློབ་གླིང་དེ་ནས་སློབ་མ་ཉིས་སྟོང་ལྔ་བརྒྱ་ལྷག་སློབ་མཐར་ཕྱིན་ཡོད་པ་དང་། མུ་མཐུད་སློབ་གཉེར་བྱེད་བཞིན་པ་བརྒྱ་ཕྲག་མང་པོ་ཡོད་མུས་ཡིན། བོད་ཕྲུག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ས་སྒེར་གཉེར་སློབ་གྲྭ་དེ་དངོས་སུ་མཚམས་བཞག་དགོས་བྱུང་བར་སློབ་གླིང་གི་དགེ་སློབ་དང་ལས་མི་རྣམས་ལ་བཟོད་ཀྱིས་མི་ལངས་པའི་སྡུག་བསྔལ་བྱུང་ཡོད་པ་སྨོས་ཅི། བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་། བོད་ཀྱི་རིག་གཞུང་ལ་དགའ་ཞེན་གནང་མཁན་ཕྱི་རྒྱལ་མི་རིགས་ཚོར་ཡང་ཡིད་སྐྱོ་བློ་ཕམ་ཚད་མེད་བྱུང་ཡོད།
དེ་བཞིན་འདི་ལོའི་ཟླ་ ༥ པ་ཙམ་ནས་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་དང་། སྟག་ཚང་ལྷ་མོ་ཀིརྟི་དགོན་གཉིས་ཀྱི་ལོ་ཆུང་གྲྭ་གཞོན་བརྒྱ་ཕྲག་མང་པོ་ས་གནས་རྒྱ་གཞུང་གི་སློབ་གྲྭར་གཏོང་དགོས་ཞེས་དགོན་པའི་ནང་ནས་བཙན་ཕུད་གཏོང་བཞིན་པར་མ་ཟད། ལོ་ཆུང་གྲྭ་གཞོན་ཚོའི་ཕ་མ་དང་ཉེ་འབྲེལ་ཚོར་དངོས་སུ་སུན་གཙེར་འཇིགས་སྐུལ་བྱེད་བཞིན་པ་དང་། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཡོངས་རྫོགས་ཀྱི་གྲྭ་རྒྱུན་གྱི་གནས་སྟངས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེེད་བཞིན་པར་བརྟེན། དེང་སྐབས་བོད་ནང་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཟོ་བའི་རྒྱ་གཞུང་གི་ཆེས་གདུག་རྩུབ་ཆེ་བའི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་སུ་འཛམ་གླིང་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་ཞུ་སྐུལ་དང་ལས་འགུལ་གང་མང་སྤེལ་དགོས་པའི་དུས་ལ་སླེབས་ཡོད།
འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཐའེ་ཝན་གྱི་སྐབས་ ༡༦ པའི་སྲིད་འཛིན་དང་། སྲིད་འཛིན་གཞོན་པའི་ལས་འཁུར་དམ་འབུལ་མཛད་སྒོར་གཞུང་འབྲེལ་གདན་ཞུ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཆེད་བཅར་གནང་ཡོད་པ་མ་ཟད། ཐའེ་ཝན་གྲོས་ཚོགས་སྐབས་ ༡༡ པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་དབུ་འཛུགས་ཀྱི་མཛད་སྒོ་བསྐྱངས་པ་དང་། སྐབས་དེར་ཐའེ་ཝན་གྱི་སྲིད་དོན་ཚོགས་པ་གསུམ་གྱི་གྲོས་ཚོགས་འཐུས་མི་ ༣༡ གིས་ཐོ་འགོད་མཚན་རྟགས་བཀོད་ཡོད།
དེ་བཞིན་ཉེ་ཆར་རྒྱ་གར་དབུས་གཞུང་གི་སྔོན་རྩིས་གྲོས་ཚོགས་དང་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོས་སྣེ་འཁྲིད་པའི་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འདི་ལོའི་ཟླ་ ༨ པའི་ཚེས་ ༥ ནས་ ༩ བར་བོད་དོན་ཞུ་སྐུལ་གྱིས་ཐེངས་འདིར་རྒྱ་གར་དབུས་གཞུང་གི་བློན་ཆེན་ ༢ དང་། རྒྱ་གར་མངའ་སྡེ་ཁག་ ༡༨ དང་། སྲིད་དོན་ཚོགས་པ་ཆེ་ཁག་ ༡༡ སོགས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༢༨ དང་། དེ་བཞིན་ཆབ་སྲིད་ཀྱི་དབུ་ཁྲིད་སོགས་གནད་ཡོད་མི་སྣ་གྲངས་ ༤༤ དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་གནང་བ་དང་། ལྷག་པར་དུ་རྒྱ་གར་སྲིད་དོན་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོ་བསྐྱངས་ཤིང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷར་ཏུར་ཧ་རི་ མཱ་ཊབ་ (Shri Bhartruhari Mahtab) མཆོག་དང་། ཚོགས་གཞོན་དུ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao) མཆོག་གཉིས་སུ་གཏན་ཁེལ་གནང་ཐུབ་པ་བྱུང་ཡོད།
བོད་ནང་གི་ད་ལྟའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པར་བརྟེན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་ཆེད་བོད་མི་མང་སྤྱི་འཐུས་རྣམ་པ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་ལས་རིམ་འགྲོ་བཞིན་པ་ལྟར། འདི་ལོའི་ཟླ་ ༨ པའི་ནང་ཨོ་སི་ཊི་ལི་ཡ་དང་། ནིའུ་ཛི་ལེན་ཌིར་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད་པ་དང་། དེ་བཞིན་ཨ་རིའི་གྲོང་ཁྱེར་ (Chicago) ནང་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ཚོགས་འདུ་ (International Leaders Forum) ཞེས་པའི་ནང་མཉམ་ཞུགས་དང་བོད་དོན་ཞུ་སྐུལ་གང་ལེགས་བྱུང་ཡོད། འབྱུང་འགྱུར་ཕྱི་ཟླ་བཅུ་པ་དང་བཅུ་གཅིག་པའི་ནང་མུ་མཐུད་ཡུ་རོབ་རྒྱལ་ཁབ་ཁག་ཏུའང་བོད་དོན་ཞུ་སྐུལ་ལས་རིམ་སྒྲིག་བཞིན་ཡོད།
ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་པ་ཨ་རིའི་གྲོས་ཚོགས་ཀྱི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་འདི་ལོའི་ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་དངོས་སུ་མཚན་རྟགས་བཀོད་རྗེས་ཁྲིམས་ཡིག་དེ་ཉིད་ཨ་རིའི་གཞུང་འབྲེལ་སྲིད་བྱུས་སུ་གྱུར་ཡོད། ཁྲིམས་ཡིག་དེའི་ནང་རྒྱ་ནག་གཞུང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འཁྱོག་བཤད་བྱེད་བཞིན་པ་དེ། ལོ་རྒྱུས་ཀྱི་ཐོག་ནས་བདེན་པ་མིན་པ་གསལ་སྟོན་བྱས་ཡོད་པ་སོགས་གནད་དོན་གལ་ཆེ་མང་པོ་ཚུད་ཡོད། ཨ་རིའི་གཞུང་གིས་བོད་དོན་དང་འབྲེལ་བའི་སྲིད་བྱུས་སྲ་བརྟན་དུ་གཏོང་བའི་གོང་གསལ་གལ་ཆེའི་ཁྲིམས་ཡིག་འདི་ནི། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ཁྲིམས་ཡིག་གི་དོན་ཚན་ཁག་ཅིག་ལ་བསྐྱར་བཅོས་གནང་བའི་ཁྲིམས་འཆར་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་སོགས་ཀྱི་རྗེས་སུ་གཏན་འབེབས་གནང་བའི་གལ་ཆེའི་ཁྲིམས་ཡིག་ཅིག་ཆགས་ཡོད་པས། དེ་རིང་གི་གོ་སྐབས་འདི་བརྒྱུད་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པས་གཙོས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མི་ལོ་བཅུ་ཕྲག་དྲུག་ལྷག་རིང་བཙན་བྱོལ་བོད་མི་རྣམས་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྲུང་སྐྱོབ། བདེན་པའི་འཐབ་རྩོད་བཅས་ཀྱི་ཐོག་རྒྱབ་སྐྱོར་དང་། ལམ་སྟོན། མཐུན་འགྱུར་གནང་མཁན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཀྱིས་གཙོས་ཕྱིིའི་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་དོན་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ ལ།།