༢༠༡༠ ཕྱི་ཟླ་ ༡ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་ལ་བཅར་བའི་རྒྱ་རིགས་བཞི་བརྒྱ་ལྷག་ཙམ་ཞིག་ལ་མཇལ་ཁ་དང་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད། དེ་རིང་གསུང་ཆོས་ཉིན་གཉིས་པའི་ཉིན་གུང་གསོལ་ཚིགས་བར་གསེང་སྐབས་རྒྱ་ནག་སྐམ་ས་ཆེན་མོ་དང་། ཐེ་ཝན་སོགས་ནས་གསུང་ཆོས་ཞུ་ལ་བཅར་བའི་རྒྱ་རིགས་ ༤༠༠ ལྷག་ཙམ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཟུར་མཇལ་དང་སྦྲགས་བཀའ་སློབ་ཕེབས་དོན། རྒྱ་རིགས་ཆོས་གྲོགས་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གི་བསླབ་པ་རྒན་གཞོན་བརྩིས་ན་ཁྱེད་རང་ཚོ་བསླབ་པ་རྒན་པ་དང་ང་ཚོ་གཞོན་པ་རེད། བྱས་ཙང་གཞོན་པས་རྒན་པ་ཁྱེད་ཚོར་གུས་བཏུད་ཡོད། དེང་སང་འཛམ་གླིང་འདིའི་སྟེང་ཡ་རབས་ཀུན་སྤྱོད་མ་འདང་པའི་དཀའ་ངལ་ཞིག་འཕྲད་བཞིན་པ་རེད། རྒྱ་ནག་སྐམ་ས་ཆེན་མོར་ཡང་དེ་བཞིན་དཀའ་ངལ་མང་དག་འཕྲད་བཞིན་ཡོད་པ་ཤོད་ཀྱི་འདུག ཡ་རབས་དང་དྲན་བདེན་གྱིས་མ་འདང་བའི་སྐབས་ལ་སྡུག་པོ་མྱོང་མཁན་དེ་མི་སྐྱོ་བོ་དེ་དག་རེད། རྒྱུ་དང་དབང་ཡོད་མཁན་ཚོ་སེམས་སྐྱིད་པོ་དེ་ཙམ་མེད་ཀྱང་འགྲིག་འགྲོ་གི་ཡོད། བྱམས་བརྩེ་དང་དྲང་བདེན་མ་བྱུང་ན་འགྲོ་བ་མི་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་རེད། དེ་ཡང་ཡིན་གཅིག་མིན་གཅིག་ཆོས་བྱེད་དགོས་པའི་ངེས་པ་མེད། ཆོས་དང་མ་འབྲེལ་བའི་ཐོག་ནས་ཡ་རབས་བཟང་སྤྱོད་གོང་མཐོར་སྤེལ་རྒྱུ་ཞིག་ང་ཚོས་ཐབས་ཤེས་བྱེད་ཐུབ་ཀྱི་རེད་ལ་བྱེད་དགོས་ཀྱི་ཡང་རེད། ངོས་ཀྱིས་གཙོ་བོ་འདི་ཤོད་ཀྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་ལུགས་དེར་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་པ་ཞིག་རེད། ངོས་ཀྱིས་ཉམས་མྱོང་བཤད་པ་ཡིན། ཚན་རིག་པ་སེམས་ཀྱི་སྐོར་ལ་དོ་སྣང་ཡོད་མཁན། ཀླད་པའི་སྐོར་དམིགས་བསལ་ཚན་རིག་པ་དེ་ཚོས་ཀྱང་ནང་ཆོས་ནས་སེམས་ཀྱི་རྣམ་གཞག་འགྲེལ་བརྗོད་བྱེད་རྒྱུ་དེར་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག ཧ་ལམ་འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཞིག་ཡོད་པའི་ནང་ནས་ཚན་རིག་པ་ཚོས་དམིགས་བསལ་དོ་སྣང་བྱེད་ས་ཞིག་ནང་ཆོས་འདི་ཆགས་ཡོད། ཁྱེད་ཚོ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཚོར་ཆ་མཚོན་ན་ལོ་རྒྱུས་ཐོག་ནས་ང་ཚོ་ནང་པ་ཆགས་ཀྱི་ཡོད། དཔེར་ན་རྒྱ་ནག་ནང་ལ་ནང་པའི་ལྷ་ཁང་ག་ཚོད་མང་པོ་འདུག ཆོས་ལུགས་གཞན་དག་ཀྱང་ཡོད་པ་རེད། སྤྱི་ཡོངས་ནས་བཤད་ན་ཕལ་ཆེར་ནང་པའི་ཆོས་དང་འབྲེལ་བ་ཡོད་པ་རེད། མ་ལེ་ཤི་ཡ། སིང་ག་པུར་སོགས་རྒྱ་རིགས་ཡོད་ས་དེ་དག་གི་ནང་ལ་ནང་པའི་ལྷ་ཁང་ཡོད་པ་རེད། བྱས་གཙང་རྒྱ་རིགས་དང་ནང་ཆོས་གཉིས་འབྲེལ་བ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་ཞིག་རེད་འདུག དེ་ཡང་ང་ཚོའི་ཕ་མེས་ཀྱི་ཆོས་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་སོ་སོའི་ཕ་མེས་ཀྱི་ནོར་བུ་དེ་བདག་པོ་བརྒྱབ་པ་ལྟར་རེད། ཆོས་བདག་པོ་གང་འདྲ་བྱས་ནས་རྒྱག་དགོས་རེད་ཟེར་ན། གཙོ་བོ་དེ་སེམས་ནང་གི་རྟོགས་པའི་ཡོན་ཏན་དེ་རེད། རྟོགས་པའི་ཡོན་ཏན་དེ་སྨོན་ལམ་བརྒྱབ་ནས་ཡོང་གི་མེད། བྱས་ཙང་སློབ་སྦྱོང་བྱེད་དགོས་པ་རེད། སྒོམ་རྒྱག་དགོས་པ་རེད། ངོས་ནས་ད་རེས་ཆོས་གྲོགས་ཚོ་ཚང་མར་སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱས་པའི་ཐོག་ནས་བདག་པོ་རྒྱག་དགོས་པ་ཤོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་མཇལ་ཁ་བཀའ་དྲིན་ཆེ་བ་སྩལ་ཡོད་པ་བཅས་ས་གནས་ནས་འདི་ག་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་གྱི་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ནས་བཏང་འབྱོར་བྱུང་བ་སྙིང་བསྡུས་སུ།།