༢༠༡༢ ཟླ་ ༢ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གངས་སྐྱིད་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་དབུ་འབྱེད་ཀྱི་མཛད་སྒོར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ་རྣམ་པ། སྐུ་མགྲོན་རྣམ་པ། དེ་བཞིན་ཆེད་མངགས་ཕེབས་པའི་འབུམ་རམས་པའི་ལག་འཁྱེར་བཞེས་མཁན་སློབ་ཕྲུག་རྣམ་པ། དེ་རིང་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སྒོ་འབྱེད་ཐོག་རྣམ་པ་ཚོ་ཕེབས་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྕམ་ཧི་ལི་རི་ཀི་ལིན་ཊོན་གྱིས་ཁ་སྔོན་ཉམས་ཞིབ་ཁང་ཞིག་ཏུ་ཕེབས་སྐབས་གསུངས་པ་དེ་བདེན་པ་རེད་བསམ་པའི་ཚོར་བ་བྱུང། ཚོགས་པ་དང། གཞུང། འཛིན་སྐྱོང་གང་རུང་ཞིག་གི་ནང་ཞུགས་ཏེ་འགན་འཁྱེར་རྗེས་དེ་ནས་མ་ཐོན་བར་སོ་སོའི་ཀླད་པའི་ནང་དེ་སྔོན་གང་ཤེས་པ་དང་སྦྱང་པ་དེ་རང་འཇགས་གནས་ཀྱི་རེད། དེར་བརྟེན་གཞུང་དང་ཚོགས་པ་གང་རུང་ནང་ཞུགས་རྗེས་དེའི་སྐབས་སུ་ཀླད་པ་དཀྲུག་རྒྱུ་རེད། སློབ་སྦྱོང་དང་ཉམས་ཞིབ་བྱ་རྒྱུའི་གོ་སྐབས་འདི་རག་ཁག་པོ་ཆགས་ཡོད། འཛིན་སྐྱོང་དང་འབྲེལ་བའི་དུས་རྒྱུན་དུ་ནས་ལས་ཀ་མང་པོ་ཞིག་གནང་དགོས་སྟབས། གཞུང་ཡིན་ནའང་འདྲ་ཚོགས་པ་ཆེ་ཁག་དེ་དག་གིས་ཡིན་གཅིག་མིན་གཅིག་ཉམས་ཞིབ་ལྷན་ཁང་འཛུགས་ཀྱི་ཡོད། དེའི་རྒྱུ་མཚན་ནི་སྐབས་དང་དུས་ལ་གནས་ཚུལ་གཏིང་ཟབ་དང་ཛ་དྲག་གི་ཐོག་ཉམས་ཞིབ་བྱེད་དགོས་ཚེ་འཛིན་སྐྱོང་དང་གཞུང་ནང་ལས་ཀ་བྱེད་མཁན་ཚོར་འཆར་གཞི་འདིང་སྟངས་དང་སྲིད་བྱུས་གཏན་འབེབས་བྱེད་རྒྱུ་སོགས་གང་སྤྱིའི་ཐོག་ནས་ཐུགས་ཕན་གསོ་བ་ཡོད། དེར་བརྟེན་ཉམས་ཞིབ་ལྷན་ཁང་ཞེས་པ་དགོས་གལ་ཆེ་པོ་ཡིན་པ་ཡོངས་གྲགས་ཆགས་ཡོད། ད་ལྟ་དྲུང་འཕར་བློ་བཟང་ལགས་ཀྱིས་གསུངས་པ་ལྟར། དེ་སྔ་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དབུ་བཙུགས་ཏེ་བདུན་ཅུ་དོན་གྲངས་ནས་ད་བར་ཉམས་ཞིབ་དང་པར་སྐྲུན་གནང་སྟེ་ཞིབ་འཇུག་གནང་བ་དེ་དག་དེ་སྔོན་ཉམས་ཞིབ་གནང་མཁན་ལས་བྱེད་པ་རྣམས་ཀྱིས་སྐུ་ལས་བསྐྱོན་ཏེ་ཁ་ཡོད་ལག་ཡོད་ཀྱི་འབྲས་བུ་སྨིན་པ་ཧ་ཅང་གསལ་པོ་རེད། ད་བར་ཕྱག་ལས་གནང་མཁན་བཀའ་བློན་རྣམ་པས་གཙོས་འགན་འཛིན་དང་ཉམས་ཞིབ་པ་ཚང་མས་ཧ་ཅང་ཡག་པོ་གནང་འདུག་ཅེས་བསྔགས་བརྗོད་དང་བཀའ་ཤག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐེངས་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདི་གལ་ཆེར་རྩིས་པའི་སྒོ་ནས་འདིའི་ནང་གཞི་རྩའི་བཀའ་ཤག་ཁོངས་གཏོགས་ཡིན་པར་བདེ་སྲུང་དང་དྲིལ་བསྒྲགས་བཀའ་བློན་ཡོད་པའི་ཐོག་ནས་ང་ཚོས་རིམ་པས་ལས་གཞི་སྤེལ་རྒྱུའི་འཆར་གཞི་ཡོད། བཀའ་ཤག་གི་ངོས་ནས་གལ་ཆེན་པོ་ཞིག་རྩིས་ཀྱི་ཡོད། གལ་ཆེན་རྩིས་དགོས་པའི་རྒྱུ་མཚན་དེ་སྔོན་ངས་ཕྲན་བུ་ཞུས་ཡོད། འཛིན་སྐྱོང་གང་འདྲ་ཞིག་ཡིན་རུང་དྲི་བ་གལ་ཆེན་པོ་མང་པོ་ཞིག་དུས་རྟག་ཏུ་ཡོང་གི་ཡོད། དཔེར་ན། ང་ཚོ་དང་འབྲེལ་བ་ཡོད་པ་བོད་མིའི་སྒྲིག་འཛུགས་འདི་ལོ་ལྔ་དང་ལྔ་བཅུའི་ནང་གང་འདྲ་ཞིག་ཆགས་ཀྱི་རེད། དེ་བཞིན་བོད་པ་ཚོ་ལོ་ལྔ་དང་ལྔ་བཅུའི་ནང་ག་རེ་ཆགས་ཀྱི་རེད། རྒྱ་ནག་དང་བོད་དབར་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་རེད། རྒྱ་ནག་དང་ཨ་རི་དབར་གང་འདྲ་ཆགས་ཀྱི་རེད། རྒྱ་ནག་དང་ཡུ་རོབ་དབར་གང་འདྲ་ཆགས་ཀྱི་རེད། རྒྱ་ནག་དང་ཨེ་ཤི་དབར་གང་འདྲ་ཆགས་ཀྱི་རེད། བོད་ནང་གི་གནས་སྟངས་གང་འདྲ་ཆགས་ཀྱི་རེད་ཅེས་པའི་ཐོག་དྲི་བ་ཧ་ཅང་ཆེན་པོ་ཡོང་གི་རེད། ལོ་ལྔ་དང་ལྔ་བཅུའི་ནང་གང་འདྲ་ཆགས་ཀྱི་ཡོད་པ་དེ་སྔོན་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་ཐོག་ནས་ད་ལྟའི་གནས་སྟངས་ལ་གཟིགས་ཏེ་མ་འོངས་པར་ཚོད་ལྟ་ལྟ་བུ་བྱེད་དགོས་ཀྱི་ཡོད། ཚོད་ལྟ་བྱེད་པར་གཞི་རྩའི་འཛིན་སྐྱོང་པ་ཞིག་ཞབས་སྟེགས་སྟེང་བཞུགས་ཏེ་གང་འདྲ་བྱེད་དགོས་ཡོད་མེད་ཚོད་དཔག་བྱས་པ་དེ་ཚོད་དཔག་རང་ཆགས་ཀྱི་ཡོད། ཉམས་ཞིབ་བྱས་པའི་སྒོ་ནས་ཚོད་དཔག་དེར་འབྲས་བུ་སྨིན་པ་དེར་རིན་ཐང་ཞིག་ཡོད། འདི་གཞིར་བཞག་ཐོག་སྲིད་བྱུས་ཡིན་ནའང་རེད། ཕྱག་ལས་གནང་ན་ཤེས་པ་དང་གདེང་ཚོད་ཡོད་པའི་ཐོག་ནས་གང་ལ་གང་འཚམ་གྱི་སྔོན་ལ་འགྲོ་རྒྱུའི་ལམ་སྟོན་ཐུབ་པ་ཆགས་ཀྱི་ཡོད། གལ་ཏེ་ལམ་སྟོན་མ་ཐུབ་ནའང་ཉེན་ཁ་གང་ཡོད་མེད་དེ་རྟོགས་ཐུབ་པ་ཞིག་ཆགས་སྲིད་པ་རེད། དེར་བརྟེན་དྲི་བ་གནད་འགག་ཆེན་པོ་དེ་འདྲ་མང་པོ་ཡོང་དུས་གནད་དོན་དེ་དག་ལ་ཆེད་མངགས་སྲི་ཞུ་བ་རྣམ་པ་ཚོས་དུས་རྒྱུན་ནས་འཛིན་སྐྱོང་གི་ཕྱག་ལས་གནང་དགོས་སྟབས། དེ་དག་གི་སྟེང་ག་རེ་ཆགས་ཀྱི་ཡོད་མེད་ལྷན་ཁང་ཁག་གི་ནང་ཡོད་པའི་ཉམས་ཞིབ་པ་ཚོས་འགན་གཙོ་བོ་ཆགས་ཀྱི་ཡོད། ཉམས་ཞིབ་ལྷན་ཁང་བཙུགས་ཏེ་ང་ཚོའི་རེ་བར་བོད་ནང་གི་གནད་དོན་སྐོར་ད་ལྟའི་ཆར་ཉམས་ཞིབ་མང་པོ་གནང་བཞིན་ཡོད་ལ། ཁོར་ཡུག་གི་གཙོས་ཆབ་སྲིད་དང། དྲག་དམག་གང་ཅིའི་ཐོག་ནས་བོད་ནང་གི་གནས་སྟངས་གང་འདྲ་ཡོད་མེད་ཉམས་ཞིབ་གཏིང་ཟབ་བྱེད་ཐུབ་ན། གནས་ཚུལ་འདི་ང་ཚོའི་སྲི་ཞུ་བ་རྣམས་བཀའ་ཤག་དང་གྲོས་ཚོགས་ནང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུར་ཐུགས་ཕན་གསོ་བ་ཡོང་གི་རེད་བསམ་པའི་རེ་བ་ཡོད། འོན་ཀྱང་འདི་བྱེད་པར་མཐུན་རྐྱེན་དགོས་ཀྱི་ཡོད། དེ་ཡང་ཉམས་ཞིབ་གནང་མཁན་སྤུས་ཀ་ལྡན་པ་ཞིག་དགོས་ཀྱི་ཡོད། གལ་ཏེ་ཉམས་ཞིབ་པ་སྤུས་ཚད་ལྡན་པ་ཞིག་མེད་ན་འཆར་གཞི་ཆེན་པོ་དང་སྒྲིག་གཞི་གཏིང་ཟབ་པོ་ཡོད་ཀྱང་དོ་བདག་ཉམས་ཞིབ་གནང་མཁན་སྤུས་ཚད་ལྡན་པ་ཞིག་མ་བྱུང་ན་འཆར་གཞི་དང་རེ་བ་གཞིར་བཟུང་སྒྲུབ་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད། དེར་བརྟེན་བཀའ་ཤག་གིས་བོད་ཀྱི་ཉམས་ཞིབ་ཁང་ལ་མཐུན་རྐྱེན་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ལྟ་ཡོད་པའི་ཉམས་ཞིབ་པ་རྣམས་ཧ་ཅང་ཡག་པོ་ཡོད་ཅེས་གསུངས་སོང། ཁོང་རྣམ་པ་བསམ་ཚུལ་བརྗེ་ལེན་བྱེད་སྐབས་ཀྱང་རེ་བ་ཆེན་པོ་ཡོད་པ་གསུངས་ཀྱི་འདུག དེ་བཞིན་རེ་བ་ཡང་བྱེད་ཀྱི་ཡོད། དེ་རིང་འདིར་འབུམ་རམས་པའི་སློབ་སྦྱོང་གནང་མཁན་ཁག་གཅིག་ཕེབས་ཡོད། རིམ་པས་བོད་མིའི་ནང་ཉམས་ཞིབ་ཀྱི་ཐོག་ཉམས་མྱོང་ཡོད་མཁན་དང་ང་ཚོར་ཡོད་མུས་ཡིན་པའི་ཉམས་ཞིབ་པའི་མཉམ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་བྱེད་དགོས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཆར་གཞི་གཅིག་ག་རེ་ཡོད་ཅེས་བརྗོད་ན། ཟླ་རེའི་ནང་སྐུ་མགྲོན་རེ་གདན་འདྲེན་ཞུས་ཏེ་བོད་དང་འབྲེལ་བའི་གནད་དོན་ཐོག་བགྲོ་གླེང་གོ་སྒྲིག་བྱ་རྒྱུ་རེད། དེ་ལྟར་བྱས་ཚེ་སྲི་ཞུ་བ་ཚང་མར་ཐུགས་ཕན་གསོ་བའི་རེ་བ་ཡོད། དེ་ནས་ཟླ་བ་གསུམ་དང་བཞི་ཙམ་ནང་ཚོགས་འདུ་ཚོགས་ཏེ་ཉིན་གཅིག་རིང་མཁས་དབང་གསུམ་ཙམ་གདན་འདྲེན་ཞུས་ཏེ་བོད་ཀྱི་ཁོར་ཡུག་གི་གཙོས་གནད་དོན་གལ་ཆེན་ཁག་གི་སྟེང་བགྲོ་གླེང་གོ་སྒྲིག་བྱ་རྒྱུ་དང། ལོ་རེའི་ནང་ཉིན་གྲངས་གཉིས་གསུམ་རིང་ཚོགས་ཆེན་ཚོགས་ཏེ་མཁས་དབང་གང་ཙམ་གདན་འདྲེན་ཞུས་ཐོག་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཐུབ་ན། ཉམས་ཞིབ་པ་དང་སྲི་ཞུ་བ་སྤྱི་ཡོངས་ལ་ཐུགས་ཕན་གསོ་བའི་རེ་བ་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དེ་བཞིན་གཞི་རྩའི་དེ་རིང་འགོ་འབྱེད་བྱས་པ་རེད། རྒྱ་ནག་དང་ཕྱི་རྒྱལ་མཁས་པ་ཁག་ཕེབས་སྐབས་གོ་སྒྲིག་གང་ལ་གང་ཙམ་གནང་བཞིན་ཡོད། སྤྱི་ཡོངས་ང་ཚོ་འདིར་སྐུ་མགྲོན་སུ་ཞིག་ཕེབས་པ་དེ་དང་བསྟུན་དགོས་ཀྱི་ཡོད། སྐུ་མགྲོན་ཕེབས་མིན་ལ་མ་ལྟོས་པར་བོད་ཀྱི་ཉམས་ཞིབ་ཁང་གིས་ཕྱི་ནས་སྐུ་མགྲོན་དམིགས་བསལ་གདན་འདྲེན་ཞུ་དགོས་བྱུང་ན་གདན་ཞུས་ཏེ་བགྲོ་གླེང་གང་མང་གནང་རྒྱུ་རེད། དེ་ལྟར་བྱས་ཚེ་ཉམས་ཞིབ་ཁང་འདི་ཇི་ལྟར་ཆགས་རྒྱུའི་རེ་བ་ཡོད་ཅེས་ཞུས་ན། གངས་སྐྱིད་དམ་རྡ་སའི་ནང་ཀླད་པ་དཀྲུག་ས་(Intellectual Hub)གནས་ཚུལ་སྒྲུག་ས་སམ་གནས་ཚུལ་བརྗེ་ལེན་བྱེད་ས་ཞིག་ཏུ་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད། དེ་བཞིན་ཁོང་རྣམ་པས་རེས་གཟའ་ལྷག་པ་འཆར་ཅན་མཉམ་འཛོམས་ཀྱིས་སོ་སོའི་ཉམས་ཞིབ་གང་བྱེད་ཀྱི་ཡོད་མེད་ཕན་ཚུན་བསམ་ཚུལ་བརྗེ་ལེན་གནང་འགོ་ཚུགས་ཡོད་པ་དེ་དག་ཕན་ཐོགས་ཧ་ཅང་ཆེན་པོ་འདུག་ཅེས་གོ་ཐོས་བྱུང། ཏན་ཏན་ཡོད་སྲིད་པ་རེད། ང་རང་ཡིན་ནའང་ལོ་བཅུ་དྲུག་རིང་ཉམས་ཞིབ་པའི་ཉམས་མྱོང་ཕྲན་བུ་ཡོད་སྟབས། གཞི་རྩའི་ཉམས་ཞིབ་གང་འདྲ་བྱེད་དགོས་ཡོད་མེད་སྐོར་ལ་དེབ་ཧ་ཅང་མང་པོ་ཡོད། དགེ་རྒན་གྱིས་ཀྱང་ལམ་སྟོན་མང་པོ་གནང་གི་རེད། འོན་ཀྱང་མཐའ་མ་དེར་གཙོ་བོ་སོ་སོས་དེབ་ཀློག་སྟེ་ཉམས་ཞིབ་བྱེད་དགོས་པ་དང་གཙོ་ཆེ་ཤོས་རྩོམ་འབྲི་རྒྱུ་འགོ་བཙུགས་ཏེ་གཞི་ནས་ཉམས་ཞིབ་བྱེད་སྟངས་ཀྱི་ཉམས་མྱོང་རྟོག་ཐུབ་ཀྱི་ཡོད། དེར་བརྟེན་ཉམས་ཞིབ་པ་རྣམ་པ་ཚོས་འགན་གཙོ་བོ་དེ་གཞི་རྩའི་ཉམས་ཞིབ་བྱ་རྒྱུ་དང་གནས་ཚུལ་སྒྲུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་ཡོད། །
བཀའ་ཁྲི་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།