ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །དཔལ་ལྡན་བཀའ་ཤག་ནས་ཞུ་གསོལ་འདེབས་པ་བཞིན། རབ་གནས་ས་བྱི་ཆུ་སྟོད་ཟླ་བའི་ཚེས་ ༢༤ རེས་གཟའ་ཟླ་བ་ ༢༠༠༨ ཕྱི་ཟླ་ ༨ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༧།༠༠ ཐོག་རང་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུ་བའི་ལས་བྱེད་ཆེ་འབྲིང་ཆུང་གསུམ་ལྷན་འཛོམས་ཐོག་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་དུ་༸རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོའི་རྣམ་གཞིའི་འཕྲིན་ལས་ནམ་ཡང་གཡེལ་བ་མེད་པར་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་བགེགས་ཀྱི་མཚན་མ་ཕྲ་མོས་ཀྱང་མ་རེག་ཅིང་། བསྟན་པ་དང་འགྲོ་བ་སྤྱིའི་མཛད་འཕྲིན་འཇིག་རྟེན་ཁྱོན་ཡོངས་སུ་ཁྱབ་པ། སྒོས་སུ་བོད་དོན་བདེན་མཐའ་ཇེ་གསལ་དུ་གྱུར་བ་སོགས་བསྟན་སྲུང་ཆེན་མོའི་གདོང་གྲོགས་ཟབ་མོའི་ནུས་མཐུར་ངེས་པར་སྔར་བཅོས་ལེགས་པའི་གཏང་རག་འབུལ་བ་དང་། ཕྱིས་འབྱུང་ཡང་བསྟན་སྲུང་ཆེན་མོ་གང་ཉིད་གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་དང་། ཕྱག་ན་པདྨོ་སྐུ་ཕྲེང་རིམ་བྱོན་ནས་ཁ་བའི་ལྗོངས་ཀྱི་བསྟན་པ་སྲུང་ཞིང་སྐྱོང་བའི་བྱེད་པོར་ཇི་ལྟར་གཉེར་དུ་གཏད་དེ་དམ་བཅས་པ་བཞིན་ལས་གཞིའི་འཕྲིན་ལས་ཐོགས་མེད་དུ་སྒྲུབ་པའི་ཐུགས་རྗེ་སྐུལ་ཕྱིར་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའི་རྟེན་གཞིར་དབྱར་གསོལ་སྤྱན་འདྲེན་ཞུས་ཏེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གི་དབུས་མཛད་གཙོ་རྣམས་ནས་རིམ་པས་མཇལ་ཕྱག་ཞུས་གནང་ཡོད། ཐེངས་འདིའི་སྤྱན་འདྲེན་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པས་དབུས་སྲི་ཞུ་བའི་ལས་བྱེད་རྣམས་པ་དང་། དེ་བཞིན་སེར་སྐྱ་མི་མང་བཅས་ནས་སྔར་སྲོལ་བཞིན་བོད་ཆས་བཞེས་ཏེ་བཅར་ཡོད་འདུག