༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ནང་གསར་འགོད་པ་ ༢༠ ཙམ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་དེ་བཞིན་བོད་དབྱིན་སྐད་ཡིག་སོ་སོའི་ནང་སྤེལ་བའི་ནང་འཁོད་དོན། །
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་། རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་ཇུས་རྒྱུན་མཐུད་ སྤེལ་ཏེ། དྲག་ཆར་རླུང་འཚུབ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་ཁྲོད། བོད་མི་ས་ཡ་གཅིག་ལྷག་དུས་མིན་རྐྱེན་འདས་སུ་གྱུར་ཡོད་པ་དང་། ཆོས་བྱེད་བསྟི་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཅོམ། རང་བྱུང་གཏེར་ཁ་སྔོག་འདོན་དང་གདོད་མའི་ནགས་ཚལ་གཅོད་འབྲེག སྐམ་གཤེར་དུ་གནས་པའི་སྲོག་ཆགས་བསད་བཟུང་སོགས་སྣོད་བཅུད་གཉིས་ཀར་འཕྲོག་བཅོམ་ རང་བཞིན་གྱི་གཏོར་བཤིག་བཏང་སྟེ། ཡུལ་གྱི་བདག་པོ་བོད་མི་རྣམས་རང་ཡུལ་དུ་མུ་མཐུད་འཚོ་གནས་ལ་སྒོ་ཀུན་ནས་ཉེན་ཁ་ འཕྲད་པ་དང་། བོད་མི་མི་ཐོག་རིམ་བརྒྱུད་ཀྱིས་ཞི་བའི་ལམ་ནས་རེ་འདུན་འདོན་པ་དང་སྐད་འབོད་ བྱེད་པའི་སྐབས་འཕྲལ་སོ་སོར་དྲག་གནོན་འབུར་འཇོམས་ཀྱི་རྩུབ་སྤྱོད་ཞེ་ཅིག་ལག་ ལེན་དུ་བསྟར་རྐྱང་བྱེད་པ་དང་། ལྷག་པར་དུ་ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་། རིག་གཞུང་རྩ་གཏོར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་མངོན་སུམ་འཛེམས་མེད་དུ་སྤེལ་ བར། བོད་རིགས་གཞོན་སྐྱེས་ཚོས་བཟོད་ཐབས་བྲལ་ཏེ་རང་ལུས་ཞུགས་འབུལ་གྱི་ལམ་ནས་རང་ གི་འདོད་འདུན་གསལ་སྟོན་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་རྩོམ་དགོས་བྱུང་ ཡོད།
དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ སོན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཕྱི་ཚེས་ ༡༧ ཉིན་གྲོངས་ཡོད་པ་དང་། ཟླ་ ༨ ཚེས་ ༡༥ ཉིན་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༩ སོན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཉིན་དེར་འདས་ གྲོངས་སུ་གྱུར་ཡོད། ཟླ་ ༡༠ ཚེས་ ༧ ཉིན་དེ་སྔ་ཀིརྟི་དགོན་པར་ཆོས་ཞུགས་གནང་མྱོང་མཁན་རང་ལོ་ ༡༩ སོན་པ་སྐྱ་བོ་མཁའ་དབྱིངས་ལགས་དང་། རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། མཁའ་དབྱིངས་ལགས་ཕྱི་ཚེས་ ༨ ཉིན་དང་། ཆོས་འཕེལ་ལགས་ཕྱི་ཚེས་ ༡༡ ཉིན་སོ་སོར་འདས་གྲོངས་སུ་གྱུར་ཡོད། ཟླ་ ༡༠ ཚེས་ ༡༥ ཉིན་རྔ་པ་རྫོང་སོག་རུ་མའི་པདྨ་ཚང་གི་རང་ལོ་ ༡༩ ཙམ་ཡིན་པ་བུ་ནོར་བུ་དགྲ་འདུལ་ལགས་ཀྱི་རང་ལུས་མེར་བསྲེགས་བཏང་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༥ ཉིན་སྐུ་གྲོངས་འདུག ཟླ་ ༡༠ ཚེས་ ༡༧ ཉིན་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་རང་ལོ་ ༢༠ ཡས་མས་ཅན་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་ཞུགས་འབུལ་གྱིས་དུས་ཐོག་དེ་རང་ ལ་སྐུ་སྲོག་ཤོར་ཡོད་པ་དང་། ཟླ་ ༡༡ ཚེས་ ༣ ཉིན་རྟའུ་དགའ་ལྡན་ཆོས་གླིང་ངམ་བྲག་དཀར་ཆོས་གླིང་གི་བཙུན་མ་རང་ལོ་ ༣༥ ཅན་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཉིན་དེར་སྐུ་སྲོག་ཤོར་ ཡོད། ཟླ་ ༡༢ ཚེས་ ༡ ཉིན་ཆབ་མདོ་ཀརྨ་དགོན་དུ་ཆོས་ཞུགས་གནང་མྱོང་མཁན་གྱིང་ཐང་གྲོང་སྡེ་ནས་ཡིན་པ་ རང་ལོ་ ༤༡ ཅན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཀརྨ་ཤང་དུ་རང་ལུས་མེར་བསྲེགས་ཀྱིས་ཚེས་ ༦ ཉིན་འདས་གྲོངས་སུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༦ ཉིན་ རྔ་པ་རྫོང་ལྡོང་ཁུའི་ཞག་གདུགས་སྨན་པ་ཚང་གི་བུ་རང་ལོ་ ༢༠ ཡས་མས་ཅན་ཚུལ་ཁྲིམས་དང་། མཐའ་བ་གོང་མའི་རང་ལོ་ ༢༠ ཡས་མས་ཅན་བསྟན་ཉི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། བསྟན་ཉི་ལགས་ཉིན་དེ་རང་ལ་གྲོངས་ཡོད་པ་དང་། ཚུལ་ཁྲིམས་ཕྱི་ཚེས་ ༧ ཉིན་གྱི་མཚན་མོར་གྲོངས་ཡོད་འདུག ཕྱི་ལོ་ ༢༠༡༢ ཟླ་བ་ ༡ ཚེས་ ༨ ཉིན་མགོ་ལོག་དར་ལག་རྫོང་སྟོང་སྐྱབས་དགོན་པའི་དགུང་ལོ་ ༤༢ ཅན་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ལགས་ཀྱིས་དར་ལག་རྫོང་ཐོག་ཏུ་རང་ལུས་མེར་ བསྲེགས་བཏང་སྟེ་ཡུལ་དུས་དེ་ག་རང་ལ་སྐུ་སྲོག་ཤོར་འདུག ཟླ་ ༡ ཚེས་ ༡༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡།༣༠ ཙམ་ལ། རྔ་བ་རྫོང་ཨ་འདུས་ཥེ་བ་སྡེ་བའི་རང་ལོ་ ༢༢ ཡིན་པ་བློ་བཟང་འཇམ་དབྱངས་ལགས་ཀྱིས་རྔ་བ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་ སྟེ་ཕྱི་ཚེས་ ༡༦ ཉིན་འབར་ཁམས་ནས་སྐུ་གྲོངས་ཡོད་པ་དང་།
དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་རང་ལོ་ ༡༨ སོན་པ་བློ་བཟང་སྐལ་བཟང་དང་། གྲྭ་རང་ལོ་ ༡༩ སོན་པ་བློ་བཟང་དཀོན་མཆོག་གཉིས་དང་། ཟླ་ ༡༠ ཚེས་ ༣ ཉིན་རང་ལོ་ ༡༧ ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་སྐལ་བཟང་དབང་ཕྱུག ཟླ་ ༡༠ ཚེས་ ༢༥ ཉིན་དཀར་མཛེས་དགོན་པའི་དགེ་འདུན་པ་རང་ལོ་ ༣༨ ཅན་ཟླ་བ་ཚེ་རིང་ལགས་བཅས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་ཁོང་རྣམ་པའི་ གཟུགས་ཁམས་གནས་སྟངས་ཇི་ཆགས་གོ་ཐོས་མེད་པར་གྱུར་པ་བཅས་ལྕགས་ཡོས་ལོ་གཅིག་པུར་ བོད་རིགས་གཞོན་སྐྱེས་ ༡༦ ནས་རང་ལུས་ཞུགས་འབུལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེའི་གོང་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༧ ཉིན་ཀིརྟི་དགོན་པའི་གྲྭ་རང་ལོ་ ༢༠ ཅན་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས་རྒྱ་གཞུང་ཉེན་རྟོག་མི་ སྣས་མེ་མདའ་བརྒྱབས་ཏེ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད།
རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན། བྲག་འགོ་རྫོང་དུ་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་རྒྱ་གཞུང་དྲག་ ཆས་མི་སྣས་མདེལ་ཆར་ཕབས་ཏེ་བོད་མི་ནོར་པ་ཡོན་ཏན་དང་གེ་འཕེན་ལོ་བརྒྱ་ཚང་གི་ བུ་གཉིས་དམར་གསོད་དང་བོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་དང་། ཚེས་ ༢༤ ཉིན་གསེར་རྟ་རྫོང་དུ་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་འཕྲལ། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ཁྲོད་མདེལ་ཆར་ཕབས་ཏེ། དབོན་བཟའ་སྡེ་བའི་པོ་པོ་དང་། ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་གཉིས་དམར་གསོད་བཏང་བ་དང་བོད་མི་བཅུ་ཕྲག་དུ་ མར་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག་ཅིང་། ད་དུང་རྔ་བ་རྫོང་དང་། ཛམ་ཐང་རྫོང་། འབར་ཁམས་རྫོང་། པད་མ་རྫོང་བཅས་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་ སྐོར་བྱེད་སྐབས་བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག་པ་དང་། ཕྱི་ཚེས་ ༢༦ ཉིན་འཛམ་ཐང་རྫོང་བར་མ་ཤང་དུ་ཞི་རྒོལ་སྐབས། རྒྱ་གཞུང་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བར་མ་ཤང་བཤོས་མདའ་སྡེ་བའི་ཕ་སྤོས་ ཐར་གྱི་བུ་རང་ལོ་ ༢༠ ཡིན་པ་ཨོ་རྒྱན་དམར་གསོད་དང་བོད་མི་སྐོར་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ ཐོན་ཡོད།
རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཁམས་པའི་བརྙན་འཕྲིན་སོགས་བོད་སྐད་འཕྲིན་ལམ་ཁག་ཏུ་བོད་མི་ཚོས་རྒྱ་ལུགས་ཀྱི་ ལོ་གསར་དགའ་སྟོན་ལ་རོལ་བཞིན་པའི་རྣམ་པ་མངོན་ཐབས་བྱེད་བཞིན་པའི་སྐབས་སུ། ལུགས་རྙིང་གི་ལོ་ཐོ་དར་སའི་མདོ་ཁམས་ཀྱི་ཡུལ་སྡེ་ཕལ་ཆེ་བར་ལོ་གསར་གྱི་དུས་ ཚེས་སྲུང་བརྩི་བྱས་མེད་པར་མ་ཟད། རྣམ་པ་ཅི་རིགས་ཀྱི་སྒོ་ནས་རང་ལུས་ཞུགས་འབུལ་གནང་མཁན་དཔའ་བོ་དཔའ་མོ་ཚོར་ གདུང་སེམས་མཉམ་བསྐྱེད་བྱས་ཡོད།
ལྕགས་ཡོས་རང་ལུས་ཞུགས་འབུལ་ལས་འགུལ་སྤེལ་མཁན་འདས་གསོན་དཔའ་བོ་དཔའ་མོ་ འདི་དག་དང་། རྒྱ་ནག་གི་ལོ་གསར་སྐབས་ཀྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་གྱི་འབོད་ཚིག་ནི། སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་མགྲིན་གཅིག་ཏུ་བསྒྲགས་ཡོད་པ་དང་། ཁོང་རྣམ་པའི་བློས་བཏང་ཆེན་པོའི་ལས་འགུལ་འདིའི་ཐད། སྐབས་དུས་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བླ་ཆེན་རྣམ་པ་དབུ་བཞུགས་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་དང་། བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་ འགུལ་དང་རྒྱལ་སྤྱིའི་ནང་ཞུ་སྐུལ་གྱི་བྱེད་སྒོ་སྤེལ་ཡོད་ཅིང་། ཨ་རི་དང་། ཡུ་རོབ་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་ཁབ་མང་པོའི་ གཞུང་དང་གྲོས་ཚོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གསར་འགོད་གསལ་བསྒྲགས་དང་། གྲོས་ཆོད་བཞག་པ། གྲོས་ཚོགས་སུ་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་དང་། རྒྱ་ནག་གཞུང་ལ་དྲག་གནོན་མཚམས་འཇོག་དགོས་པའི་སྐུལ་འདེབས་གནང་ཡོད་ལ། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་དམངས་གཙོ་ལས་འགུལ་གྱི་ཚོགས་པ་ཁག རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་བོད་མི་གནས་ཡུལ་ས་གནས་ཁག་དང་། དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྒེར་བཅས་ནས་ཞི་བའི་རྣམ་པ་ཅི་རིགས་ ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད།
ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཛ་དྲག་ལས་འགུལ་སྤེལ་རྒྱུར།
* སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གཙོས་པའི་སྤྱི་འཐུས་རྨོག་རུ་བསྟན་པ་ ལགས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་བཅས་སྤྱི་འཐུས་བཞི་ལས་གྲུབ་པའི་ སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ཆེད་བསྐྱོད་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་དང་། གཞུང་ཚབ་ཁག་ལ་གནས་སྟངས་ཞུ་སྐུལ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ལ་ཐུག་འཕྲད་ཀྱིས། སྤྱི་ལྷན་གྱི་ཛ་དྲག་དགོས་འདུན་ཁག་ཐད་སྤྲོད་ཞུ་རྒྱུ།
* རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤྱི་ ལྷན་གྱི་ཡོངས་བསྒྲགས་ཀྱི་སྙན་ཞུ་བསྐུར་གཏོང་ཞུ་རྒྱུ།
* མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་སྤྲོད་ དང་སྦྲགས། གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བསྐྱར་མ་འཇོག་ཐབས་ དང་། རྒྱལ་ཚོགས་དྲུང་ཆེར་རྒྱུན་ལས་ཀྱི་སྐུ་ཚབ་ངོ་ཐུག་ཐུབ་ཐབས་ཀྱི་འབད་བརྩོན་བྱ་ རྒྱུ།
* ཕྱི་རྒྱལ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག རྒྱ་གར་ནང་བོད་མི་སུད་ཚོང་བ་གནས་ཡུལ་ས་གནས་ཁག་བཅས་ནས་བོད་ནང་ཛ་དྲག་གནས་ སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་ལས་འགུལ་གང་ལ་ཇི་འོས་སྐབས་འཕྲལ་ སོ་སོར་སྤེལ་རྒྱུའི་གཞེན་སྐུལ་ཞུ་རྒྱུ།
* ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་འཛིན་སྐྱོང་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར། རྒྱལ་སྤྱིའི་ཁྱོན་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་བརྒྱ་དུས་གཅིག་ ཏུ་སྤེལ་རྒྱུར་བོད་མི་ཚང་མ་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ།
* སྤྱི་ཡོངས་ལྷག་དཀར་ཉིན་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་པའི་བྱེད་སྒོ་ཁག་བོད་མི་འདུ་གནས་གང་སར་སྲུང་ བརྩི་ཞུ་དགོས་ཐོག ལོ་གཅིག་རིང་གཞིས་ཆགས་ཁག་ཏུ་ཟླ་རེའི་ལྷག་དཀར་དང་པོར་སྲུང་བརྩི་ཞུ་ཆེད། ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ། བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་སྒྲོག་འདོན་བྱ་རྒྱུ།
* ཆུ་འབྲུག་ལོ་གསར་སྐབས། ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་པའི་ཆོས་ཕྱོགས་ཀྱི་བྱེད་ སྒོ་ལས། གཞས་ཞབས་བྲོ་སོགས་སྤྲོ་དགའ་ཁྲ་ཟིང་གི་རིགས་མི་འོས་པའི་འབོད་བསྐུལ་ཞུ་རྒྱུ།
* ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་ གཏོར་གྲུབ་མཚམས། རྡ་སར་གནས་བཞུགས་སྤྱི་འཐུས་རྣམ་པ་དགོང་དྲོའི་ཆུ་ཚོད་ ༥ བར་ཟས་བཅད་སྙུང་གནས་སུ་བཞུགས་རྒྱུ།
* ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན། ལྕགས་ཡོས་རང་ལུས་ཞུགས་འབུལ་ལས་འགུལ་གྱི་ལོ་འཁོར་སྲུང་བརྩིའི་ཚུལ་དུ་སྤྱི་ ལྷན་གྲོས་ཚོགས་ཚོགས་དུས་ ༣ པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ གྲོས་ཆོད་གྲོས་འཆར་ཕུལ་ཏེ་བགྲོ་གླེང་རྒྱ་ཆེར་གནང་རྒྱུ།
* སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་ཛ་དྲག་གནས་ཚུལ་མཁོ་སྒྲུབ་ཀྱི་ འགན་འཁུར་ལེན་རྒྱུ། ཁོང་རྣམ་པའི་ཞལ་པར་ཨང་གྲངས་དང་ཨི་མེལ་ཁ་བྱང་གཤམ་གསལ།
སྤྱི་འཐུས་པད་མ་འབྱུང་གནས་ལགས། ༩༤༡༨༡༢༡༠༣༨ སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ༩༤༡༨༠༤༣༨༩༠ སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། ༨༦༧༩༤༩༠༡༡༧ སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས།༩༨༡༦༢༡༧༧༤༣
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༧ ལ།།