༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢ ཉིན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ལྷོ་སྤྱི་གཙོས་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ཚོགས་མི་བཅས་ཚང་འཛོམས་ཐོག་གཤམ་གསལ་གནད་དོན་ཁག་ཐག་བཅད་ཡོད།
དེ་ཡང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཚོགས་འདུ་དངོས་སུ་འགོ་བཙུགས་མ་གནང་གོང་མངའ་སྡེ་གཞུང་ལ་ལྷོ་ཕྱོགས་བོད་མིའི་ཞིང་པ་རྣམས་ནས་ཡུལ་མི་ལྟར་ཐོབ་ཐང་གཅིག་མཚུངས་ཐོབ་ཆེད། ཞིང་པ་ཁག་ཅིག་གིས་ཡུལ་སྐད་བརྒྱབ་ནས་བརྙན་ཐུང་བརྒྱུད་དཀའ་སྡུག་སྙན་གསེང་ཞུ་འཆར་ཡོད་པའི་སྐོར་བསམ་ཚུལ་བརྗེ་ལེན་ཞུས། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་སྐུ་དབང་ཡོངས་རྫོགས་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་དང་། དགའ་ལྡན་ཕོ་བྲང་ཁོ་ན་མ་གཏོགས་གཞན་སུ་ཞིག་ནས་ཐེ་བྱུས་རྩ་བ་ནས་བྱེད་མི་ཆོག་པའི་སྐོར་གྲོས་ཆོད་བཞག་ཡོད།
མཐའ་མར་ཚོགས་འདུ་དང་སྟབས་བསྟུན་ནས་ཉེ་སྔོན་ཨ་རི་གཞུང་ནས་བོད་དོན་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུའི་ལས་རིམ་བསྐྱངས་ཡོད་པ་བཅས། །