༠༨།༨།༢༢
རྔ་བ་རྫོང་ནས་གཞོན་སྐྱེས་གསུམ་འཛིན་བཟུང་བྱས་པ། ཕྱི་ཟླ་ ༨ ཚེས་ ༡༡ ཉིན་ཨ་མདོ་རྔ་བ་རྫོང་གཅའ་ཤང་གཅའ་རུ་བའི་ས་གནས་ནས་སྟར་རིང་ཚང་གི་བུ་རྒན་པ་འཇམ་དཔལ་དང་། བུ་ཆུང་བ་བླ་མ། དེ་མིན་དགེ་གཉུག་ཚང་གི་བུ་འཇིགས་མེད་བཅས་རྔ་བ་རྫོང་སྤྱི་བདེ་ཉེན་རྟོག་པས་ཕྱི་ཟླ་ ༣ པའི་ཞི་རྒོལ་དུ་ཞུགས་མཁན་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག
དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་ཞིག་གིས་ངོ་རྒོལ་བྱས་པ། ཕྱི་ཟླ་ ༨ ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༠༠ པ་ཙམ་ལ་ཁམས་དཀར་མཛེས་རྫོང་ཐོག་ཏུ་དཀར་མཛེས་ལྷོ་པ་གྲོང་ཚོའི་རྟ་དཔོན་ཚང་གི་བཙུན་མ་སྒྲོལ་མ་དབྱངས་འཛོམས་(རང་ལོ་༣༤)ཙམ་ནས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་སྐད་འབོད་བྱས་རྗེས་དྲག་ཆས་ཉེན་རྟོག་པས་ཁོང་མོར་ཉེས་རྡུང་ཚད་མེད་གཏོང་བཞིན་འཇུ་བཟུང་བྱས་འདུག
འཛིན་བཟུང་བྱུང་བའི་སེ་ར་དགོན་པའི་གྲྭ་བ་ཁག་གི་མིང་གཞུང་ར་འཕྲོད་བྱུང་བ། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་སེ་ར་དགོན་པར་སློབ་གཉེར་གནང་བཞིན་པའི་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁར་ཡོད་པའི་དབོན་པོ་དགོན་པའི་དགེ་འདུན་པ་ཁག་ཅིག་སོགས་ནས་ལྷ་སར་ཞི་བའི་སྐད་འབོད་བྱས་རྗེས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་པར་བརྟེན། སེ་ར་དགོན་པའི་ནང་དགེ་འདུན་པ་ཚོས་ཁོང་རྣམས་གློད་བཀྲོལ་དགོས་པ་སོགས་ཀྱི་སྐད་འབོད་མུ་མཐུད་བྱས་པར་དགེ་འདུན་མང་དག་ཅིག་འཛིན་བཟུང་བྱས་ཡོད་པའི་ཁོངས་ནས་མིང་གཞུང་ར་འཕྲོད་བྱུང་བ་ཁག་ནི། དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁོངས་ཀྱི་ཨོ་ཐོག་དགོན་པ་ནས་སེ་ར་དགོན་དུ་སློབ་གཉེར་བྱེད་བཞིན་པའི་གྲྭ་བློ་བཟང་འཇམ་དཔལ་ཆེ་བ་(རང་ལོ་༤༦)དང་། བློ་བཟང་འཇམ་དཔལ་ཆུང་བ།(རང་ལོ་༣༦) བློ་བཟང་འཇམ་དབྱངས།(རང་ལོ་༤༣) བློ་བཟང་བྱམས་པ།(རང་ལོ་༤༢) རྒྱལ་མཚན་ནོར་བུ།(རང་ལོ་༢༩) མཐོང་དགའ་(རང་ལོ་༢༧)བཅས་ཡིན་ཞིང་། ཁོང་རྣམས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག དེ་མིན་འབའ་ཐང་རྫོང་ཁོངས་སྡེ་དར་ཤང་ཆོས་དགའ་གྲོང་བྱང་དཀར་དགོན་གྱི་གྲྭ་ཀརྨ་ཆོས་འབྱོར་དང་། འབྲོང་པོ་རབ་བརྟན་གཉིས་ཀྱང་སྐབས་དེར་ཟླ་ ༣ པའི་ཟླ་མཇུག་ཏུ་སེ་ར་དགོན་པའི་དགེ་འདུན་པས་ངོ་རྒོལ་བྱས་པའི་ལས་འགུལ་ནང་ཞུགས་རྗེས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཙམ་ལས་ད་ལྟའི་ཆར་ས་གནས་གང་ཞིག་ཏུ་བཀག་ཉར་བྱེད་བཞིན་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད་འདུག