༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༠ ཉིན་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་དང་ཆོལ་ཁ་གསུམ་ཐུན་མོང་གི་གོ་སྒྲིག་འོག་ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
དེ་ཡང་མཛད་སྒོའི་ཐོག་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཚོགས་གཙོ། རང་བདེན་ཚོགས་ཆུང་ཚོགས་གཙོ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་བློ་བཟང་ཏཱ་མང་ལགས། ཀ་སྦུག་གཏན་སློབ་ཀྱི་སློབ་སྤྱི། སྨན་རྩིས་ཁང་གི་སྨན་པ། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་ཕྲུག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་བསྡོམས་ ༣༥༠ ཕེབས་ཞུགས་གནང་ཡོད། སྐབས་དེར་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་བཅས་ནས་མང་ཚོགས་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་བྱུང་རིམ་ངོ་སྤྲོད་དང་། གལ་གནད་སྐོར་གསུང་བཤད་ཟབ་རྒྱས་གནང་ཡོད་པ་མ་ཟད། ལྷག་པར་དུ་ཁྲིམས་འཆར་འདི་བཞིན་ད་ཆ་དངོས་སུ་ཁྲིམས་ཡིག་ཏུ་གཏན་འབེབས་གནང་ཐུབ་པ་ནི་གཙོ་བོར་བཀའ་ཤག་སྐབས་ ༡༦ པའི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ལས་སྣེ་རྣམ་པ་དང་། གཞན་ཡང་ཨ་རིའི་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམ་པ། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདི་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་གནང་མཁན་ཨ་རི་གནས་བཞུགས་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་མཛད་སྒོ་དེ་བཞིན་ (Himalaya Darpan) དང་ (The Echo of India )གསར་ཁང་གཉིས་ནང་ཐོན་ཡོད་པ་མ་ཟད། (KTV Kalimpong) དང་། Kalimpong Dainik, The Himal World, Gorkha Channel ཡུ་ཀྲུབ་དྲ་རྒྱའི་ནང་གསར་འགྱུར་སྤེལ་ཐུབ་པ་བྱུང་ཡོད།
དགའ་སྟོན་མཛད་སྒོའི་སྐབས་ཀ་སྦུག་ཆོས་ཁ་གསུམ་ནས་མང་ཚོགས་ལ་གསོལ་ཇ་ཞལ་ཏོག་དང་། དགོངས་མོ་གསོལ་ཚིགས་ཀྱི་མཐུན་འགྱུར་གནང་ཡོད། དེ་ནས་གངས་ལྗོངས་ཟློས་གར་དང་ཀ་སྦུག་སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་བཅས་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་། དེ་རྗེས་སྒོར་གཞས་གྱིས་དགའ་སྟོན་རོལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད་པ་བཅས།།