༢༠༡༢ ཟླ་ ༡ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༠ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ནུབ་བྷེང་གལ་གྱི་རྒྱལ་ས་ཀོལ་ཀ་ཊའི་ནང་རྟེན་གཞི་བྱས་པའི་ཉི་དབང་མགོན་པོའི་ཤེས་ཡོན་བསྟི་གནས་ཁང་(Tagore Centre For transformative Education)ཞེས་པ་དེ་དབུ་འབྱེད་གནང་ཡོད། དེ་ཡང་ཐོག་མར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཀོལ་ཀ་ཊའི་གྲོང་ཁྱེར་ནང་ཡོད་དབུལ་ཕོང་ཉམས་ཐག་གནས་སྡོད་བྱེད་ཁུལ་(Slums) དུ་ཕེབས་ཏེ་ཁུལ་དེར་གཞི་རིམ་སློབ་གྲྭའི་འཛིན་གྲྭ་དང་པོ་ནས་བཞི་པའི་བར་གྱི་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་སློབ་ཕྲུག་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་ལམ་སྟོན་གནང་ཡོད།
དེ་རྗེས་དབུལ་ཕོང་ཉམ་ཐག་ཚོར་རྒྱབ་སྐྱོར་བྱེད་མཁན་གཞོན་སྐྱེས་བདེ་དོན་ཚོགས་པ་(YMWS`s)ཞེས་པས་གདན་ཞུ་ལྟར་བུད་མེད་ཉམ་ཐག་ཚོའི་སྡོད་ཁང་དུ་ཕེབས་ཏེ་ཁོང་ཚོ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། བུད་མེད་ཀྱི་ཤེས་ཡོན་དང་ནུས་ཤུགས་གོང་མཐོར་སྤེལ་རྒྱུའི་ལས་རིམ་ནང་མཉམ་ཞུགས་གནང་ཡོད། བུད་མེད་ཀྱི་ནུས་ཤུགས་དང་ཤེས་ཡོན་གོང་སྤེལ་གྱི་ལས་རིམ་དེ་བཞིན་གཞོན་སྐྱེས་བདེ་དོན་ཚོགས་པ་(Young Men`s Welfare Society) ཞེས་པས་གོ་སྒྲི༝ག་གནང་བ་ཞིག་ཡིན་འདུག སྐབས་དེར་བཀའ་ཁྲི་མཆོག་གིས་དབུལ་ཕོང་བུད་མེད་ ༢༠ ཙམ་དང་ཐུག་འཕྲད་གནང་སྟེ་གཞོན་སྐྱེས་བདེ་དོན་ཚོགས་པའི་དབུལ་ཕོངས་ངལ་སེལ་གྱི་ལས་རིམ་དེའི་ཆ་ཤས་སུ་སྐྱེས་བབ་མེད་པའི་བུད་ལོན་དེ་བཞིན་བཀའ་ཁྲི་མཆོག་གིས་བརྒྱུད་ནས་བཏང་ཡོད་པ་མ་ཟད། གཞོན་སྐྱེས་བདེ་དོན་ཚོགས་པས་མཐུན་འགྱུར་གནང་བའི་ཐུང་ཆུའི་ཆེད་ཁྲོམ་པ་གསར་པ་ཞིག་བརྒྱབ་ཡོད་པ་དེ་ཡང་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་ཡོད། དབུལ་ཕོང་ཉམ་ཐག་གི་ས་གནས་དེར་གཟིགས་ཞིབ་ལེགས་གྲུབ་རྗེས་བཀའ་ཁྲི་མཆོག་གིས་ཨ་མ་ཊེ་རེ་སའི་(Mother Teresa)ཐེབས་རྩ་ཁང་དུ་ཕེབས་ཏེ་བྱམས་བརྩེ་ལྡན་པའི་ཨ་མ་ཊེ་རེ་སའི་སྐུ་ཕུང་ཡོད་སར་འཕེབས་ཡོད། དེ་ནས་བཀའ་ཁྲི་མཆོག་གིས་གྲོང་ཁྱེར་ཀོལ་ཀོ་ཊའི་ནང་རྟེན་གཞི་བྱས་པའི་ཉི་དབང་མགོན་པོའི་(Rabindranath Tagore)དྲན་རྟེན་ཆེད་གསར་འཛུགས་གནང་བའི་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས་ཤེས་ཡོན་གྱི་ནུས་པའི་ཐོག་ནས་མི་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་ཤེས་ཡོན་གོང་མཐོར་གཏོང་རྒྱུ་གལ་ཆེ་རྩིས་ཏེ་ནུས་པ་འདོན་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད། དབུ་འབྱེད་མཛད་སྒོའི་སྐབས་གསུང་བཤད་གནང་མཁན་མི་སྣ་གྲགས་ཅན་གཞན་ཕེབས་ཡོད་པ་རྣམས་ནི་དབྱིན་ཇིའི་ཝེ་སི་མིན་སི་ཊར་ཨེ་བྷེ་སློབ་གྲྭ་ཆེན་མོའི་འགན་འཛིན་མཆོག་(Dean of Westminster Abbey)དང་ཀོལ་ཀོ་ཊའི་ཡེ་ཤུའི་བླ་ཆེན་མཆོག་(Bishop of Kolkata) རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་སྐུ་ཞབས་གྷོ་ཏམ་གྷོ་ཤི་(Gautam Ghose)མཆོག་སོགས་ཕེབས་ཡོད། དེ་རྗེས་ཕྱི་ཚེས་ ༢༡ ཉིན་བཀའ་ཁྲི་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་དོན་ཕྱོགས་ཕེབས་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་ཀོལ་ཀ་ཊའི་ནང་ཉི་དབང་མགོན་པོའི་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་གནང་བ།
གསར་གནས།
འབྲེལ་གནས།