༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༡ བོད་ཟླ་ ༥ ཚེས་ ༥ བོད་རྩིས་ཀྱི་འཁྲུངས་སྐར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་གཞུང་ཞབས་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ཀྱིས་འཐུས་མི་ནས་སྤོས་སྣེས་མདུན་བསུ་དང་། ཕེབས་ལམ་གཡས་གཡོན་དུ་བོད་ཀྱི་ཟློས་གར་ཚོགས་པའི་གླུ་གར་གྱི་མཆོད་པ་འབུལ་མཁན་རྣམས་རུ་སྒྲིག་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་པ་དང་། དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་སོགས་ཞལ་འདོན་དབུ་འཛུགས་གནང་ཞིང་། བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པའི་བར་ཆོ་གའི་གཞུང་ལྟར་བརྟན་བཞུགས་དངོས་གཞི་དབུ་འཛུགས་བསྐྱངས། དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། གཞུང་ཞབས་ཟུར་པའི་ཚོགས་གཙོ་འཇིགས་མེད་འབྱུང་གནས་ལགས། སྐུ་སྲུང་ཟུར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྷག་པ་ལགས་བཅས་ནས་གསོལ་འདེབས་མཎྜལ་འདེགས་འབུལ་དང་། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་སློབ་དཔོན་ནས་སྐུ་གསུང་ཐུགས་རྟེན་སོགས་རིམ་པར་ཕུལ་མཚམས་ཚོགས་སྡེ་ཁག་གསུམ་གྱི་འཐུས་མིས་མཇལ་ཁ་ཞུས་ཤིང་། སྨན་རྩིས་ཁང་གིས་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་དང་སྨན་རྩིས་ཀྱི་གསུང་རབས་སོགས་འདེགས་འབུལ། བོད་ཀྱི་ཟློས་གར་ཚོགས་པས་བསྟོད་དབྱངས་གཟིགས་འབུལ་བཅས་ཞུས་རྗེས། གཏང་རག་མནྜལ་འདེགས་འབུལ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆོས་གྲོགས་ཚོས་བརྟན་བཞུགས་ཕུལ་བ་རེད། རྨི་ལམ་ལ་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུ་ཧ་ཅང་གསལ་པོ་ཞིག་འདུག དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྒང་དུ་བཞུགས་ཏེ་ཁྱོད་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད་ཅེས་གསུང་གི་འདུགརིགས་པའི་རྒྱུ་མཚན་བཀོད་པ་ཡིན་ན་ད་ལྟ་ང་ཚོ་བོད་པ་དཀའ་ངལ་ཆེན་པོ་ཞིག་གི་སྒང་ལ་བསྡད་ཡོད། བོད་པའི་སྤྱི་མཐུན་གྱི་ལས་དང་སྨོན་ལམ་གྱི་སྟོབས་ལས་ངོས་རང་མདོ་སྨད་ནས་སྐྱེས་ཤིང་། བོད་པ་མང་པོས་དགའ་བོ་བྱེད་ས་ཞིག་དང་། ལུང་རྟོགས་ཀྱི་བསྟན་པ་ལ་ཡིན་ནའང་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཐུབ་མཁན་ཞིག་ཆགས་ཡོད་པས་ལྷ་མོའི་ལུང་བསྟན་དེ་རྒྱུ་མཚན་ལྡན་པ་ལྟ་བུ་འདུག ངོས་རང་འདིར་ལས་དང་སྨོན་ལམ་གྱི་དབང་གིས་སྐྱེས་པ་ཞིག་རེད། དེར་བརྟེན་ལྷ་མོའི་ལུང་བསྟན་ནང་བཞིན་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད། ཁྱོད་ཚོ་ཚང་མ་བློ་བདེ་བོར་བཞུགས།
གལ་ཆེ་བ་ནི་གསོན་པའི་རིང་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆོས་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གསུངས་ཡོད་པ་དེ་ག་ཚོད་ཐུབ་ཐུབ་ཀྱིས་ལག་ལེན་ལ་བསྐལ་དགོས་པ་རེད། ལྷ་མོའི་ལུང་བསྟན་ནང་བཞིན་བྱས་ནས། གང་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་མི་གོ་ཆོད་པ་ལྟ་བུ་ཞིག་རེད། ངོས་རང་ལ་ཆ་བཞག་ན་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད། ཁྱོད་ཚོ་ཆོས་གྲོགས་ཚོས་ཀྱང་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་ཡག་པོ་བཞེས།
ང་ཚོས་ཚོགས་བསགས་སྒྲིབ་སྦྱོང་བྱེད་པའི་ཐབས་ཤེས་ཡག་ཤོས་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་རྒྱུ་འདི་ཡིན། དཔལ་ལྡན་ལྷ་མོ་དགྱེས་པའི་མཆོད་པའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་རྒྱུ་འདི་གཙོ་བོ་ཆགས་ཀྱི་འདུག སངས་རྒྱས་བཅོམ་ལྡན་འདས་དགྱེས་པའི་མཆོད་པ་ཡག་ཤོས་དེ་ཡང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་འདི་གཙོ་བོ་ཡིན། བོད་ལ་དབང་བསྒྱུར་བྱེད་མཁན་རྒྱ་ནག་ཏུའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག འཛམ་གླིང་ཤར་ནུབ། ལྷོ་བྱང་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན། ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་ཐོངས། སོ་སོ་སྒེར་གྱི་འདི་དང་ཕྱི་མའི་དོན་དག་སྒྲུབ་པའི་ཆོས་གལ་ཆེ་ཤོས་ཀྱང་ཆགས་ཡོད། ཚང་མས་ཧུར་ཐག་བྱས་ཏེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པོ་ཡག་པོ་བཞེས། ངོས་རང་མདོ་སྨད་ནས་སྐྱེས་པའི་ཕྲུ་གུ་ཞིག་ལྷ་མོའི་བླ་མཚོ་ནས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཤུགས་ཆེན་པོ་གཏོང་གི་ཡོད། ངོས་རང་གིས་བསམ་བློ་བཏང་བ་ལྟར་ཆོས་གྲོགས་ཚོས་ཀྱང་དགོངས་པ་ཡག་པོ་ཞིག་བཞེས། སོ་སོའི་ཚོགས་བསགས་པ་དང་། བོད་སྤྱི་བའི་དོན་དུའང་འདིས་ཕན་གྱི་རེད།དེ་རིང་སྐབས་སུ་བབ་པ་བརྟན་བཞུགས་ཕུལ་ཏེ་བསམ་པ་རྣམ་དག་གིས་སྨོན་ལམ་བརྒྱབ་པ་རེད། གང་ལྟར་བརྟན་བཞུགས་ནི་དངུལ་ཕུལ་བའི་སྐད་ཆ་མ་རེད། སོ་སོ་རང་གི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་ཡག་པོ་ཞིག་བྱས་ནས་དངོས་གནས་དྲང་གནས་ཀྱི་སྒྲུབ་པའི་མཆོད་པ་ཡག་ཤོས་ཆགས་ཡོད། བླ་མ་དགྱེས་པའི་མཆོད་པ་དེའི་ཐོག་ནས་ཡོང་གི་རེད། ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུར་དཔལ་ལྡན་ལྷ་མོའི་ལུང་བསྟན་ཧ་ཅང་གསལ་པོ་ཞིག་ཡོད། ངོས་རང་ད་དུང་ལོ་མང་པོ་ཞིག་སྡོད་ཐུབ་པ་ནི་ཕལ་ཆེར་ཐག་ཆོད་པ་ཞིག་རེད། ངོས་ཀྱིས་ཧུར་ཐག་འབད་ཐག་བྱེད་ཀྱི་རེད། ཁྱོད་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་གནང་ཤོག ཅེས་བཀའ་སློབ་སྩལ་རྗེས། དེ་རིང་ངོས་ཀྱི་སྐྱེས་སྐར་ལ་འཁེལ་ཡོད། གྲོད་ཁོག་སྟོང་པ་སྡོད་ཀྱི་མ་རེད། ལྟོ་ཆས་རྒྱག་ཚད་ཟ་དགོས། ཞེས་སྐུ་རྩེད་དང་འབྲེལ་ཚོགས་མང་ནས་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུང་རྗེས་མགོན་པོ་མཆོག་གིས་བརྟན་བཞུགས་འབུམ་མཁན་ཐུན་མོང་ལ་ཐུགས་རྗེ་ཆེ་ཞེས་བཀའ་ཕེབས་ཏེ་བརྟན་བཞུགས་ཀྱི་རིམ་པ་ལེགས་པར་གྲུབ་ཡོད། །