༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཊེ་རོལ་གྱི་བོལ་ཛ་ན་རང་སྐྱོང་མངའ་སྡེའི་སྲིད་འཛིན་སྐུ་ཞབས་ཨར་ནོ་ཀོམ་པ་སི་ཆར་ (Arno Kompatscher) ལགས་དང་མཇལ་འཕྲད་གནང་ཡོད།
དེ་ཡང་མཇལ་མོལ་སྐབས་ཕྱོགས་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་ཏུ་བོད་ནང་གི་རིག་གཞུང་དང་། ཆོས་དད། དཔལ་འབྱོར་རང་དབང་སོགས་ཇེ་ཞན་ཇེ་སྡུག་ཏེ་ཕྱིན་ཏེ་བོད་དེ་བཞིན་འཛམ་གླིང་ནང་གི་ཆེས་རང་དབང་ཞན་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད་སྐོར་གྲོས་མོལ་གནང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམིགས་སུ་བཀར་ནས་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་ཆབ་སྲིད་ཀྱི་སློབ་གསོ་དང་། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་གསལ་སྟོན་དང་སྦྲགས། བོད་མི་རྣམས་ནས་ཛ་དྲག་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཀྱི་ཡོད་པ་མ་ཟད། ཁྱད་པར་དུ་ལྷོ་ཊེ་རོལ་རང་སྐྱོང་གི་གནས་བབ་ལ་མིག་ལྟོས་ལྟ་གི་ཡོད་པ་གསུངས། དེ་དང་ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་འཛིན་ཀོམ་པ་ཆེར་མཆོག་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ཞལ་བཞེས་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་ཞུས་དོན་ཁག་ལ་སྲིད་འཛིན་ཀོམ་པ་ཆེར་མཆོག་གིས་གསན་བཞེས་དང་འབྲེལ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལྷོ་ཊེ་རོལ་གྱི་གྲོས་ཚོགས་སུ་གླེང་སློང་གནང་རྒྱུ་དང་། འབྱུང་འགྱུར་བོད་དང་ལྷོ་ཊེ་རོལ་བར་མཉམ་ལས་གནང་འཆར་སྐོར་གླེང་མོལ་གནང་བ་མ་ཟད། ལས་གཞི་དེ་དང་འབྲེལ་ཏེ་བོལ་ཛ་ན་མངའ་སྡེའི་དཔེ་མཛོད་ཁང་དུ་བོད་དང་འབྲེལ་བའི་སྡེ་ཚན་གསར་འཛུགས་གནང་རྒྱུ་ཡིན་པ་གསུངས། སྐབས་དེར་དཔལ་ལྡན་སྲིད་སྐྱོང་ལྷན་དུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། འབུམ་རམས་པ་གུ་ཐར་ཀོ་ལོག་ན་ (Guther Cologna) ལགས་ལྷན་བཅར་ཞུས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷོ་ཊེ་རོལ་གྱི་སྲིད་འཛིན་བར་གྱི་མཇལ་འཕྲད་དེ་བཞིན་ཐེངས་གཉིས་པ་ཡིན་པ་དང་། དེ་སྔོན་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༠ ནང་མཇལ་འཕྲད་ཐེངས་དང་པོ་གནང་ཡོད་པ་རེད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་སུ་བོད་རིགས་མང་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཡུ་རག་ཉམས་ཞིབ་ཁང་ (EURAC Research Center) དུ་ཉམས་ཞིབ་པ་དང་མཇལ་འཕྲད་ཀྱིས་དེང་གི་དུས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དབུ་མའི་ལམ་གྱི་འོས་བབ་དང་། དབུ་མའི་ལམ་ལ་རིན་ཐང་ཡོང་སླད་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསལ་སྟོན་བྱ་རྒྱུའི་གལ་གནད་སྐོར་གསུང་བཤད་གནང་ཞིང་། སྐབས་དེར་ཉམས་ཞིབ་རྣམས་ནས་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་དང་ (EURAC Research Center) ཉམས་ཞིབ་ཁང་བར་མཉམ་ལས་གནང་འཆར་སོགས་ཀྱི་སྐོར་གསུངས་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ (EURAC Research Center) ཉམས་ཞིབ་ཁང་གི་དྲིལ་བསྒྲགས་ཚན་པ་དང་། གསར་ཁང་གྲགས་ཆེ་བ་ཁག་ཅིག་གི་བཅར་འདྲིར་དང་ལེན་གནང་ཡོད། དཔལ་ལྡན་སྲིད་སྐྱོང་བོལ་ཛ་ནར་མ་ཕེབས་གོང་སྟེ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༡ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་དུ་ཆེད་ཕེབས་ཀྱིས་ས་གནས་བོད་མི་དང་ཐུག་འཕྲད་གནང་ཞིང་། སྐབས་དེར་མི་ལན་བོད་རིགས་ཚོགས་པའི་ངོས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགེ་འཕེལ་གླིང་ཆོས་ཚོགས་སུ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། འདུ་འཛོམས་ཐོག་ཨི་ཊ་ལི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཕི་ལིབ་པོ་ (Filippo Scianna) ལགས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཀྱང་ཕེབས་ཞུགས་གནང་ཡོད་པ་རེད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཀྲིན་ཀྲི་ནོ་ (Trentino) བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རོ་བར་ཊོ་ (Roberto Pinter) ལགས་ཀྱི་མགྲོན་འབོད་ལྟར། ཟངས་དཀར་འཁྱགས་པའི་མཆོད་རྟེན་ཞེས་པའི་འགྲེམས་སྟོན་གཟིགས་སྐོར་དུ་ཕེབས་པ་དང་། དེར་ཀྲིན་ཀྲི་ནོ་གྲོང་སྡེའི་སྤྱི་ཁྱབ་དང་ས་གནས་བོད་མི་རྣམས་ནས་ཕེབས་བསུ་ཞུས་ཡོད་པ་བཅས།།