འཛིན་སྐྱོང་བཀའ་ཤག

༄༅། །བཀའ་ཤག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང་། འཛིན་སྐྱོང་གི་དབང་ལུང་ཆ་ཚང་བཀའ་ཤག་ནས་ཁྱབ་བསྒྱུར་གནང་གི་ཡོད། བཀའ་ཤག་ལྷན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་འགན་ཁུར་རྐང་ལེན་གནང་གི་ཡོད།

བཀའ་ཤག་ཏུ་སྲིད་སྐྱོང་གཅིག་དང་། བཀའ་བློན་བདུན་ལས་མ་མང་བ་ཞིག་དགོས། སྲིད་སྐྱོང་ནི་བོད་མི་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུའི་ལམ་ནས་འོས་འདེམས་བྱེད་པ་དང་། སྲིད་སྐྱོང་གང་དེས་བཀའ་བློན་རྣམས་འོས་འཛུགས་མིང་འདོན་གནང་བར་གྲོས་ཚོགས་ནས་སྤྱི་མོས་བྱུང་ན་སྨོས་མེད་དང་། མ་བྱུང་ཚེ་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མི་ཉུང་བའི་རྒྱབ་སྐྱོར་འཐོབ་དགོས་པ་ཡིན། སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་རྒྱུན་ཡུན་ཚད་ལོ་ལྔ་ཡིན།

བཀའ་ཤག་གི་འགན་ཁུར་ནི། སྲིད་སྐྱོང་དང་། བཀའ་བློན་རྣམས་མཉམ་འདུས་ཀྱི་འགན་ཁུར་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་སམ་མང་མོས་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཡིན། དེ་བཞིན་སྲིད་སྐྱོང་དང་བཀའ་བློན་རྣམས་མཉམ་འདུས་ཀྱིས་སྤྱི་འཐུས་ལྷན་ཚོགས་དང་། རྒྱུན་ལས་བཅས་ལ་འགན་འཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང་དྲི་བར་ལན་འདེབས་བྱེད་དགོས།

བཀའ་དྲུང་ཡིག་ཚང་།

བཀའ་ཤག་གི་ཉིན་རེའི་ལས་དོན་ལག་བསྟར་ཞུ་མཁན་གྱི་ལས་ཁུངས་ཤིག་ཡོད་པ་དེ་ལ་བཀའ་དྲུང་ཡིག་ཚང་ཟེར་ཞིང་། ལས་ཁུངས་དེའི་སྤྱི་ཁྱབ་འགན་འཛིན་དུ་དྲུང་ཡིག་ཆེན་མོ་ཞིག་ཡོད་པར་བཀའ་དྲུང་ཞུ་ཡི་ཡོད། ལས་ཁུངས་དེས་ཆབ་སྲིད་དང་། འཛིན་སྐྱོང་། མང་ཚོགས་ཀྱི་བདེ་སྡུག་ལ་སོགས་པའི་ལས་དོན་མཐའ་དག་བཀའ་ཤག་ཏུ་སྙན་གསན་ཞུ་རྒྱུ་དང་། བཀའ་ཤག་གིས་ཐག་གཅོད་ཇི་བྱུང་བཀའ་བློན་ལས་ཁུངས་ཁག་ལ་ཕྱག་བསྟར་ཆེད་ཁུངས་ཁྱབ་དང་མཇུག་སྐྱོང་ཞུ་རྒྱུ་ཡིན། 

བཀའ་དྲུང་ཡིག་ཚང་གི་སྡེ་ཚན།

༡༽ བཀའ་ཤག་ལྷན་ཚོགས་སྡེ་ཚན།

༢༽ གྲོས་ཚོགས་དང་འཆར་འགོད་འཛིན་སྐྱོང་སྡེ་ཚན།

༣༽ ཕྱི་སྐྱོད་ལག་འཁྱེར་བཀའ་འཁྲོལ་སྡེ་ཚན།

༤༽ རྩིས་ཞིབ་སྙན་ཐོ་ཞིབ་འཇུག་སྡེ་ཚན།

༥༽ འཛིན་སྐྱོང་སྡེ་ཚན།

༡༽ བཀའ་ཤག་ལྷན་ཚོགས་སྡེ་ཚན།

རྒྱུན་དུ་བདུན་ཕྲག་རེའི་གཟའ་མིག་དམར་དང་པ་སངས་གཉིས་ལ་བཀའ་ཤག་ལྷན་ཚོགས་གནང་གི་ཡོད། ཛ་དྲག་ནམ་བྱུང་ལ་འཕར་ཚོགས་གནང་གི་ཡོད། ལྷན་ཚོགས་སྐབས་བཀའ་དྲུང་དང་ལས་རོགས་བཅས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས། འཕྲོད་བསྟེན། དཔལ་འབྱོར་ལ་སོགས་པའི་སྐོར་སྲིད་སྐྱོང་མཆོག་གིས་བཀའ་ཕེབས་པ་དང་། ཡང་ན་འབྲེལ་ཡོད་ལས་ཁུངས་ནས་འཆར་འབུལ་གནང་བ་ཁག་བཀའ་ཤག་ལྷན་ཚོགས་སུ་བཀའ་བསྡུར་གནང་ཆེད་གྲོས་གཞི་བཟོ་རྒྱུ་དང་། ལྷན་ཚོགས་སྐབས་བཀའ་བསྡུར་ཐག་གཅོད་ཇི་བྱུང་གི་གྲོས་ཆོད་ཡིག་ཐོག་འགོད་རྒྱུ། དེ་བཞིན་བཀའ་ཤག་ལྷན་ཚོགས་སུ་བཀའ་བསྡུར་ཇི་བྱུང་སྒྲ་འཛིན་འཕྲུལ་འཁོར་ནང་བཅུག་སྟེ་བདག་ཉར་བྱེད་ཀྱི་ཡོད། གྲོས་ཆོད་ལྟར་འབྲེལ་ཡོད་ལས་ཁུངས་སོ་སོར་ཁུངས་ཁྱབ་བྱ་རྒྱུ་བཅས་ཡིན།

༢༽ གྲོས་ཚོགས་དང་འཆར་འགོད་འཛིན་སྐྱོང་སྡེ་ཚན།

བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ནས་དྲི་བ་བྱུང་བ་ཁག་ལ་གསལ་བཤད་ལན་འདེབས་ཟིན་བྲིས་བཟོ་རྒྱུ་དང་། སྤྱི་འཐུས་རྣམ་པ་ཕྱོགས་མཐའ་ཁག་ལ་འཚམས་གཟིགས་ཕེབས་པའི་མང་ཚོགས་ཀྱི་བདེ་སྡུག་དང་དོགས་འདྲི་ཞུས་པའི་ལས་བསྡོམས་གནང་འབྱོར་ཁག་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་གསལ་བཤད་སོགས་ཇི་དགོས་བླངས་ཏེ་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་ཞུ་དགོས་རགས་ཟིན་འགོད་རྒྱུ། གྲོས་ཚོགས་སྐབས་ལས་ཁུངས་སོ་སོའི་དངོས་ཡོད་ལས་དོན་དང་འབྲེལ་བའི་གཞུང་འབྲེལ་གྲོས་འཆར་དང་སྒྲིག་ཟིན་བཟོ་རྒྱུ། བསྐྱར་བཅོས་དང་གྲོས་འཆར་འདོན་དགོས་རྒྱུ་མཚན་དང་རྒྱབ་ལྗོངས་གནས་ཚུལ་ཕྱོགས་བསྒྲིགས་བྱ་རྒྱུ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་ལ་ལན་འདེབས་གནང་རྒྱུ་བཅས་ཡིན།

༣༽ ཕྱི་སྐྱོད་ལག་འཁྱེར་བཀའ་འཁྲོལ་སྡེ་ཚན།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་འབངས་སུ་གཏོགས་པའི་བོད་མི་བཙན་བྱོལ་བ་སུ་རུང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་། གཉེན་འཕྲད། ཤེས་ཡོན་དང་ལས་རིགས་སློབ་སྦྱོང་། གཞན་ཡང་ནང་མི་ཟླ་སྒྲིལ་བཅས་སུ་བསྐྱོད་ཆོག་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་སྐྱོད་ལག་འཁྱེར་བཀའ་འཁྲོལ་སྲིད་བྱུས་གཏན་འབེབས་ལྟར་ཞིབ་དཔྱད་བགྱིས་ཏེ་བཀའ་འཁྲོལ་གཏོང་རྒྱུ་བཅས་ཡིན།

༤༽ རྩིས་ཞིབ་སྙན་ཐོ་ཞིབ་འཇུག་སྡེ་ཚན།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་དང་ཡན་ལག་སྡེ་ཚན་ཁག་གི་རྩིས་ཞིབ་སྙན་ཐོ་ཁག་ལ་ཞིབ་འཇུག་གིས་སྐྱོན་གནད་ཇི་ཡོད་ཟུར་འདོན་གྱིས་བཀའ་ཤག་ལ་སྙན་གསན་ཞུ་རྒྱུ་དང་། འབྲེལ་ཡོད་ལས་ཁུངས་ལ་ཞིབ་འཇུག་ཐག་གཅོད་ཇི་འོས་བཀའ་ཕེབས་དགོངས་དོན་ལན་ཟིན་བཟོ་རྒྱུ། རྩིས་ཞིབ་ལས་ཁུངས་ནས་དུས་ནས་དུས་སུ་དོགས་འདྲི་བྱུང་བ་ཁག་དང་། ལོ་མཇུག་མཚམས་སུ་ཕྱོགས་བསྡོམས་སྙན་ཐོ་ཕུལ་འབྱོར་དག་ལ་ཞིབ་འཇུག་གིས་ལན་ཟིན་བཟོ་རྒྱུ། 

གཞན་ཡང་དབུས་ལས་ཁུངས་ཁག་དང་ཁྱབ་ཁོངས་སྡེ་ཚན་ཁག་ནས་གཞུང་འབྲེལ་ལས་དོན་ཆེད་སྒྲིག་གཞིའི་དགོངས་དོན་ཕྱོགས་སྐྱོད་བཀའ་འཁྲོལ་ཞུས་རིགས་ལ་བཀའ་འཁྲོལ་ཡིག་ཆུང་གཏོང་རྒྱུ། བར་བརྒལ་བཀའ་འཁྲོལ་འབྱོར་རིམ་བཞིན་ཞིབ་འཇུག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་སུ་རྒྱབ་གཉེར་ཞུ་སྙན་འབུལ་རྒྱུ་དང་། བཀའ་འཁྲོལ་ཐོན་མཚམས་ཁུངས་སོ་སོར་འབུལ་གཏོང་བྱ་རྒྱུ་བཅས་ཡིན།

༥༽ འཛིན་སྐྱོང་སྡེ་ཚན་གྱི་ནང་གསེས་ཚན་པ་ལྔ་ནི།

ཀ༽ སྲིད་སྐྱོང་སྒེར་དྲུང་ཚན་པ།

ཁ༽ བོད་རྒྱ་ཞི་མོལ་ལས་དོན་ཚན་པ།

ག༽ རྩིས་ཁང་ཚན་པ།

ང༽ ལས་བྱེད་བཀོད་སྒྲིག་ཚན་པ།

ཅ༽ སྤྱི་ཡོངས་ལས་ཁུངས་ཚན་པ།

ཀ༽ སྲིད་སྐྱོང་སྒེར་དྲུང་ཚན་པ།

སྲིད་སྐྱོང་མཆོག་གི་མཚན་ཐོག་ཉིན་རེའི་ཞུ་སྙན་ཁག་འཚེམས་མེད་དུས་ཐོག་སྙན་གསན་དང་བཀའ་ལན་བཟོ་དགོས་རིགས་ལ་ཡིག་ཟིན་བཟོ་རྒྱུ། སྲིད་སྐྱོང་དབུ་བཞུགས་ཀྱི་ཚོགས་འདུའི་རིགས་གོ་སྒྲིག་དང་། སྒེར་དྲུང་ནས་ཚིག་ཐོ་བླང་དགོས་རིགས་ལ་ཚོགས་བཅར་ཞུ་རྒྱུ། གཞུང་འབྲེལ་ཕྱོགས་ཕེབས་ཀྱི་མཛད་འཆར་དུས་ཐོག་བཟོས་ཏེ་མཁྱེན་རྟོགས་སླད་སྤྱི་འཐུས་ཚོགས་གཙོ་མཆོག་དང་དེའི་ངོ་བཤུས་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་རྒྱུ། སྲིད་སྐྱོང་གི་འགྲིམ་འགྲུལ་ཕྱག་འཁྱེར་གོ་སྒྲིག་ཞུ་རྒྱུ་དང་། ཉིན་རེའི་མཛད་རིམ་བཟོ་འགོད་ཀྱིས་མཇལ་དུས་ཞུ་མི་རྣམས་ལ་བརྡ་ལན་འཕྲོད་པ་བྱ་རྒྱུ། དེ་བཞིན་བཀའ་བློན་རྣམ་པའི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་མཛད་འཆར་དང་འཁོར་ཞག་དགོངས་སྙན་འབྱོར་འཕྲལ་ཐག་གཅོད་གནང་དགོས་རིགས་ལ་འབྲེལ་མཐུད་ཞུ་རྒྱུ། གསང་བའི་ཡིག་སྣོད་དང་ཡིག་ཆ་ཟུར་འཇོག་བྱ་དགོས་རིགས་ཉར་ཚགས་བྱ་རྒྱུ་བཅས་ཡིན། སྲིད་སྐྱོང་མཆོག་གི་ཨིན་སྐད་གསུང་བཤད་ཟིན་བྲིས་བཟོ་རྒྱུ་དང་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་གསལ་འགོད་བྱ་རྒྱུ་བཅས་ཡིན།

ཁ༽ བོད་རྒྱ་ཞི་མོལ་ལས་དོན་ཚན་པ།

བོད་རྒྱ་ཞི་མོལ་དང་འབྲེལ་བའི་ཡིག་ཆ་ཁག་བདག་ཉར་བྱེད་རྒྱུ་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་གོ་སྒྲིག་ཞུ་རྒྱུ། སྐབས་འབྲེལ་ཡིག་ཆ་ཕྱོགས་བསྒྲིགས་དང་ཕབ་སྒྱུར་དགོས་རིགས། དུས་ཆེན་ཁག་གི་བོད་ཡིག་གསུང་བཤད་ཟིན་བྲིས་བཟོ་རྒྱུ་སོགས་ཀྱི་ལས་དོན་བཀོད་སྒྲིག་ཇི་གནང་འབད་བསྒྲུབ་བྱ་རྒྱུ་བཅས་ཡིན།

ག༽ རྩིས་ཁང་ཚན་པ།

བཀའ་དྲུང་ཡིག་ཚང་དང་ཁྱབ་ཁོངས་སྡེ་ཚན་གྱི་རྒྱུན་གྲོན་དང་། དམིགས་བཀར་རྩིས་ཁྲ་འགོད་ཉར། དབང་ལྡན་འགན་འཛིན་ལ་གོ་བསྡུར་ཐོག་སྔོན་རྩིས་འཆར་གཞི་ཟིན་བྲིས་བཟོ་རྒྱུ། བཀའ་ཤག་དང་ཐད་འབྲེལ་རྩིས་ཁྲའི་རིགས་འགོད་ཉར། བཀའ་བློན་རྣམ་པ་དང་། བཀའ་དྲུང་ཡིག་ཚང་དང་ཁྱབ་ཁོངས་ལས་ཁུངས་ཀྱི་ལས་བྱེད་རྣམ་པའི་དགོངས་ཞུ་ཟླ་གསུམ་མཚམས་ཕྱོགས་བསྡོམས་ཞུ་རྒྱུ། མཆོད་ཁང་གི་རྟེན་དངོས་དང་། འཛིན་ཆས། ཡོ་བྱད་བཅས་བདག་ཉར་དང་ཉམས་གསོ་སོགས་ཇི་དགོས་ལྟ་རྟོག་བྱ་རྒྱུ། དེ་བཞིན་གཞུང་འབྲེལ་སྣེ་ལེན་ཁག་གོ་སྒྲིག་བྱ་རྒྱུ་བཅས་ཡིན།

ང༽ ལས་བྱེད་བཀོད་སྒྲིག་ཚན་པ།

ལས་བྱེད་གསར་བསྐོ་དང་། གནས་སྤོ། གནས་སྤར། གནས་སྐབས་དགོངས་ཞུ། རྩ་དགོངས། དེ་བཞིན་རྒས་ཡོལ་དང་། རྒས་ཡོལ་ཕར་འགྱངས། བསྐྱར་བསྐོ། ཆོད་གན། ཞབས་གཡར། དམིགས་བསལ་བསྐོ་གཞག འཕྲལ་སེལ། རང་ཁོངས་ལས་བྱེད་བཅས་ཀྱི་ཡིག་ཆ་གོ་སྒྲིག་དང་། དེ་བཞིན་བསྐོ་གཞག་དང་ས་དམིགས་ཕྱོགས་བསྡོམས་ཞིབ་འཇུག་ཞུ་རྒྱུ། ལས་བྱེད་དུས་ནས་དུས་སུ་བརྗེ་འགྱུར་འགྲོ་བསྟུན་མཚན་གཞུང་དུས་ཐོག་བསྒྱུར་བཅོས་ཁ་སྐོང་བྱ་རྒྱུ། ལས་བྱེད་རྣམས་ཀྱི་ཞུ་སྙན་ཡིག་འབྲེལ་ལ་ལན་འདེབས་བཟོ་གཏོང་། ལས་བྱེད་ཀྱི་ལོ་རྒྱུས་ཁ་གསལ་འགོད་ཉར་བྱ་རྒྱུ་བཅས་ཡིན།

ཅ༽ སྤྱི་ཡོངས་ལས་ཁུངས་ཚན་པ།

ཡི་གེ་འབྱོར་རིགས་དེབ་འགོད་ཞུ་རྒྱུ་དང་། ཕྱིར་གཏོང་ཡིག་རིགས་ཀྱང་འཚེམས་ལུས་མེད་པ་གཏོང་གཞུང་ནང་ཐོ་འགོད་ཀྱིས་ཁུངས་སོ་སོར་གཏོང་རྒྱུ། དེ་བཞིན་ཡིག་རིགས་དེ་དག་ཁུངས་གཏོགས་ཡིག་སྣོད་དུ་དབྱེ་བ་ཕྱེ་ནས་དཀར་ཆག་འགོད་རྒྱུ། བཀའ་དྲུང་ཡིག་ཚང་གི་ཡིག་ཆ་ཇི་ཡོད་བདག་ཉར་བྱ་རྒྱུ། རྒྱུན་དུ་བཀའ་དྲུང་དང་དྲུང་ཆེ་ལས་འཕར་ནས་བཀོད་མངགས་ཇི་བྱུང་ལྟར་ཞུ་རྒྱུ། བཀའ་ཤག་དང་བཀའ་དྲུང་ཡིག་ཚང་དུ་བཅར་མཁན་རྣམས་བཅར་འཐུས་བཀའ་འཁྲོལ་ཡོད་མེད་ཞིབ་འཇུག་གིས་བཀའ་འཁྲོལ་ཡོད་རིགས་ཀྱི་མིང་སོགས་དགོས་ངེས་དེབ་འགོད་ཀྱིས་ཚུལ་བཞིན་སྣེ་ལེན་བྱ་རྒྱུ། དེ་མཚུངས་ཞལ་པར་འབྱོར་བ་དང་ཕྱིར་གཏོང་ཁག་སྟངས་འཛིན་གྱིས་དེའི་ཞིབ་ཕྲའི་གནས་ཚུལ་ཐོ་འགོད་བྱ་རྒྱུ། བཀའ་དྲུང་དང་དྲུང་ཆེ་ལས་འཕར་གཉིས་ཀྱིས་བཀོད་མངགས་བཞིན་ལས་ཁུངས་ཁག་ལ་འབུལ་རྒྱུའི་ཡིག་ཆུང་རགས་ཟིན་བཟོ་རྒྱུ། འབྲེལ་ཡོད་ཡིག་ཆ་འཚོལ་རྒྱུ་དང་བདག་ཉར་བྱ་རྒྱུ་བཅས་ཡིན།

བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་སྡེ་ཚན།

བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་སུ་དེ་སྔོན་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་སྡེ་ཚན་དང་། འཆར་འགོད་ལྷན་ཚོགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཡོད་ཀྱང་། ད་ཆ་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་སྡེ་ཚན་གཅིག་པུ་ཡིན། 

སྡེ་ཚན་འདིའི་ཐོག་མའི་མིང་ལ་ངེས་མེད་ལས་གཞི་དང་འཕྲལ་སེལ་བཀོད་སྒྲིག་ཚན་པ་ཞེས་པ་ཡིན་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༩ ཉིན་ནས་ལོ་རྒྱུས་འབྲི་རྩོམ་དང་བར་བརྒལ་ལས་བཀོད་སྡེ་ཚན་དུ་མིང་སྒྱུར་ཞུས། 

དེ་ཡང་ལོ་རྒྱུས་འབྲི་རྩོམ་ཚན་པ་ནི། གཏན་འཇགས་ཀྱི་ཚན་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༥༩ ཚུན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་འབྲི་རྩོམ་དང་དེའི་རྒྱུ་ཆ་འཚོལ་ཞིབ་བྱེད་ཀྱི་ཡོད། བར་བརྒལ་ལས་བཀོད་ཚན་པ་ནི། ལས་བྱེད་ཞིག་ས་གནས་གཅིག་ནས་ལས་ཐོན་གྱིས་ས་གནས་གཞན་དུ་བཀོད་སྒྲིག་གནང་མ་ཐུབ་པར་བར་བརྒལ་གྱི་ལས་བཀོད་བྱ་ཡུལ་ཞིག་ཡིན།། །།

Menu