༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༡༨ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་པར་སྐྲུན་ཞུས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། དཔེ་དེབ་འདི་ནི་བོད་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་། འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས། འབུམ་རམས་པ་གཉན་ཐར་ལགས་བཅས་ཀྱིས་དཔྱད་རྩོམ་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པ་རེད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ན་ག་སངས་རྒྱས་བསྟན་དར་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཚེ་རིང་བསམ་གྲུབ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བཅས་ཕེབས་གནང་ཡོད།
དེ་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དཔེ་དེབ་པར་སྐྲུན་ཞུ་དགོས་པའི་གལ་གནད་དང་འབྲེལ་ལོ་རྒྱུས་ཀྱི་གལ་གནད་སྐོར་འགྲེལ་བརྗོད་གནང་སོང་། ཁོང་གིས་རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་དཔེ་དེབ་པར་སྐྲུན་རིགས་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ལ་འཛིན་ནས་དམ་བསྒྲགས་བྱེད་བཞིན་ཡོད་པ་དང་། བཙན་བྱོལ་དུ་དེ་འདྲ་བའི་དམ་བསྒྲགས་མེད་པར་རྩོམ་པ་པོ་རྣམས་ལ་རང་དབང་ཡོད་པས། སྐབས་སུ་བབ་པ་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་འདིའི་ནང་དགའ་ལྡན་ཕོ་བྲང་སྐབས་གཙོས་པའི་༸རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ། དེ་བཞིན་དགེ་ལུགས་པའི་ཡན་ལག་རྣམས་ཀྱི་སྐོར་བཅས་བཙན་བྱོལ་བོད་མིའི་ཁྲོད་ལོ་རྒྱུས་སྨྲ་བ་གསུམ་གྱིས་རྩོམ་བསྒྲིགས་གནང་ཡོད་པས་མང་ཚོགས་ནས་གང་མང་བཀླག་རྒྱུའི་འབོད་སྐུལ་ཞུས་སོང་།
དེ་ནས་དཔེ་དེབ་འདིའི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་དཔེ་དེབ་ཀྱི་ངོ་སྤྲོད་དང་འགྲེལ་གསུང་བཤད་གནང་དོན། དཔེ་དེབ་འདི་ནི་ང་རང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་འབུམ་རམས་པ་གསུམ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་པ་དང་། དེ་ཡང་སྔ་ལོ་ཕྱི་ཟླ་དགུ་པའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་ལོ་རྒྱུས་དང་འབྲེལ་བའི་གཏམ་བཤད་ཐོག་དགའ་ལྡན་ཕོ་བྲང་གཞུང་སྐབས་བོད་ཀྱི་ལོ་རྒྱུས་ལ་བསྐྱར་ཞིབ་ཅེས་པའི་བརྗོད་གཞིའི་ཐོག་འབུམ་རམས་པ་རྣམ་པ་གསུམ་གྱིས་གསུང་བཤད་དང་། དེའི་ཐོག་ཉམས་ཞིབ་གནང་ནས་པར་སྐྲུན་བྱས་པ་ཞིག་ཆགས་ཡོད་ཅེས་སོགས་དཔེ་དེབ་དེའི་ནང་དོན་རྒྱས་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་རྗེས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་། འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས། འབུམས་རམས་པ་གཉན་ཐར་ལགས་ཀྱིས་སྐུ་ལས་བསྐྱོན་ནས་དཔེ་དེབ་པར་སྐྲུན་གནང་བར་ཡི་རང་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག དཔེ་དེབ་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་གལ་གནད་ཆེ་བའི་དཔེ་དེབ་ཞིག་ཆགས་ཀྱི་ཡོད་པ་གསུངས།
དེ་ཡང་ཁོང་གིས། དེང་དུས་རྒྱ་ནག་གཞུང་ནས་འཛམ་གླིང་མི་མང་ལ་འཁྱོག་བཤད་དང་། ཉམས་ཞིབ་པ་རྣམས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏང་རྒྱུའི་ཐབས་ལམ་འདྲ་མིན་སྤེལ་བཞིན་པའི་སྐབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དཔེ་དེབ་གནད་འགག་ཆེན་པོ་འདི་འདྲ་འགྲེམས་སྤེལ་ཐུབ་པ་དེ་གལ་གང་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། གང་ཡིན་ཟེར་ན་འཛམ་གླིང་གི་མཁས་པ་དང་ཉམས་ཞིབ་པ་མང་པོ་ཞིག་གཟུར་གནས་ཀྱི་ཉམས་ཞིབ་པ་ཡིན་དུས། ཁོང་ཚོས་ཉམས་ཞིབ་གནང་བའི་སྐབས་ཕྱོགས་གཞན་གྱི་གནས་ཚུལ་དེ་ང་ཚོས་ཕུལ་ཐུབ་པ་ཞིག་ཆགས་ཀྱི་ཡོད། དེ་མ་ཟད་མ་འོངས་བོད་རིགས་སོན་རྩ་རྣམས་ལ་དཔྱད་ཞིབ་བྱ་རྒྱུའི་དཔེ་དེབ་གལ་ཆེན་པོ་ཞིག་ཀྱང་ཆགས་ཀྱི་ཡོད། ཅེས་དང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལྟ་བུ་ནི་རྒྱུན་དུ་ལས་བྱེད་རྣམས་ཀྱིས་ཉམས་ཞིབ་གནང་ནས་དཔེ་དེབ་པར་སྐྲུན་བྱེད་བཞིན་ཡོད། དེ་དག་ལོ་རྒྱུས་ཀྱི་ཡིག་ཆ་ཆགས་ཀྱི་ཡོད་པ་མ་ཟད་ཕྱིའི་རྒྱལ་ཁབ་ནང་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།