༢༠༡༢ ཟླ་ ༡ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་ག་བོད་ཡིག་ཚན་པའི་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་ས་སྐྱ་བདག་ཁྲི་རིན་པོ་མཆོག་གིས་སྣེ་ལེན་ཁང་གི་སྡོད་སྒུར་དུ་བོད་ནས་གསར་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་བཤད་གནང་དོན། ང་རང་ཚོའི་ཕ་ཡུལ་བོད་གངས་ཅན་ལྗོངས་ནས་ཕེབས་པའི་སེར་སྐྱ་མི་མང་ཚང་མར་ཞུ་རྒྱུར། དེ་རིང་འདིར་གནས་ཕུན་སུམ་ཚོགས་པ་དུས་གསུམ་གྱི་སངས་རྒྱས་ཚང་རྒྱས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཆོས་ཕུན་སུམ་ཚོགས་པ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དང་དེ་བཞིན་འཁོར་ཕུན་སུམ་ཚོགས་པ་མཁན་བླ་སྤྲུལ། དེ་བཞིན་མི་མང་མང་དག་ཅིག་སླེབས་ཡོད། དེ་སྔོན་ྋགོང་ས་མཆོག་གིས་མི་མང་ལ་དུས་དབང་ཐེངས་མང་སྩལ་ཡོད་ཀྱང་ཕལ་ཆེར་ད་ཐེངས་འདུ་ཚོགས་ཆེ་ཤོས་ཆགས་ཡོད། དུས་ཕུན་སུམ་ཚོགས་པ་བོད་ཟླ་བཅུ་གཅིག་པ་སྤྱིར་བཏང་བླ་མ་སྐྱེས་བུ་དམ་པ་མང་པོའི་དུས་ཆེན་ཡིན་པ་རེད། མདོ་དོན་སྐལ་བཟང་གོ་སྐབས་འདི་ལྟ་བུ་ཞིག་ལ་ཁྱེད་རང་ཚོ་ཚང་མས་ྋགོང་ས་མཆོག་གི་ཞལ་མཇལ་དང་བཀའ་ཆོས་ཞུ་རྒྱུ་བྱུང་བ་ཙམ་དུ་མ་ཟད། གནས་སྐོར་ཡང་ཞུ་རྒྱུ་བྱུང་བར་བརྟེན་ཧ་ཅང་པོ་ཡག་པོ་རེད། དེར་བརྟེན་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ངས་ཚང་མར་མཛའ་བརྩེའི་འཚམས་འདྲི་ཞུ་གི་ཡོད། ཁྱེད་རང་ཚོ་ཕ་ཡུལ་ནས་འདིར་ངལ་བ་ཁྱད་བསད་དེ་གསུང་ཆོས་ཞུ་བར་ཡོང་སྟབས། བཀའ་ཆོས་ཞུས་པ་རྣམས་ཉམས་ལེན་དོན་ལྡན་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངས་བོད་ནང་ང་ཚོ་བོད་པ་ནང་ཁུལ་རྩྭ་ས་དང་ཆུ་སོགས་ཀྱི་རྐྱེན་ཕྲན་བུའི་ཐོག་ལ་འཁྲུག་པ་ཤོར་ནས་གསོད་རེས་མང་པོ་ཞིག་གཏོང་གི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བས་དེ་ཧ་ཅང་ཐབས་སྐྱོ་པོ་རེད། གང་ལ་ཞེ་ན། སྤྱིར་སེམས་ཅན་གང་འདྲ་ཞིག་བསད་ཀྱང་སྡིག་པ་ཚབས་ཆེ་ཡོད། དེའི་ནང་ནས་ཁོང་ཁྲོས་ཀུན་ནས་བླང་སྟེ་མི་བསད་ན་དེ་ལས་སྡིག་པ་ཆེ་བ་རྩ་བ་ནས་མེད། མི་ཁ་ཤས་ནས་མི་གསོད་ཐུབ་ན་རྒྱལ་ཁ་ཐོབ་སྟེ་རང་ཉིད་དཔའ་བོ་ཡིན་སྙམ་གྱི་ཡོད་པས་དེ་ཧ་ཅང་ནོར་འཁྲུལ་རེད། དོན་དངོས་ཐོག་མི་གསོད་མཁན་དེ་དག་ལ་ཕམ་ཁ་ཆེ་ཤོས་ཐོབ་ཡོད། མི་གསོད་ཁྲག་སྦྱོར་བྱས་ན་ཚེ་འདིར་ཡིན་རུང་དོགས་ཟོན་དང་སེམས་ཁྲལ་བྱས་ནས་སྡོད་དགོས་རྒྱུ་དང་ཚེ་ཕྱི་མར་ཡིན་ནའང་ཚོད་རྩིས་ལྟ་བུ་བྱས་ན་འགྲོ་ས་དམྱལ་བ་མ་གཏོགས་མེད། ང་ཚོའི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་བོད་གངས་ཅན་ལྗོངས་ལ་ཡོད་པ་རེད། བོད་གངས་ཅན་ལ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཡག་པོ་ཞིག་བཙུགས་ཏེ་ཡར་རྒྱས་གོང་འཕེལ་ཕྱིན་ན། ཕྱི་ལ་ཡོད་པ་དེ་ཡང་རང་བཞིན་གྱིས་རྒྱུན་རིང་པོ་དང་ཡག་པོ་ཞིག་གནས་ཐུབ་ཀྱི་རེད། ཆོས་བྱས་དང་མ་བྱས་རང་དབང་རེད། འོན་ཀྱང་ཆོས་བྱས་རྗེས་ཁུངས་ལུང་ཡོད་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ཕ་ཡུལ་དུ་ལོག་སྟེ་སེམས་རྒྱུད་དུལ་རྒྱུ་དེ་འདྲ་བྱེད་ཐུབ་ན། ད་རེས་འདིར་ྋགོང་ས་མཆོག་གི་སྐུ་མདུན་ནས་བཀའ་ཆོས་ཞུ་རྒྱུ་བྱུང་བ་དེ་དོན་ལྡན་ཞིག་ཆགས་ཡོད། མདོ་དོན་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སངས་རྒྱས་ཀྱི་ཆོས་དང་མཐུན་པའི་སྒོ་ནས་བྱེད་དགོས། ཞེས་གསུང་བཤད་གནང་རྗེས་མི་མང་གི་བགེགས་བར་སེལ་ཆེད་དུ་འཁོན་ནས་བརྒྱུད་པའི་རྡོ་རྗེ་ཕུར་བུའི་བཀའ་བཀོད་གནང་ཡོད་པ་བཅས།།