༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༡༠ ཉིན་སྦེལ་ཇམ་བོད་རིགས་ཚོགས་པས་སྦར་སེལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བརྩི་ཞུས་ཡོད།
དེ་ཡང་ཐོག་མར་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་བདེན་ཚིག་སྨོན་ལམ་གསུང་འདོན་གྱིས་ལས་འགུལ་དབུ་འཛུགས་གནང་། དེ་རྗེས་སྦེལ་ཇམ་ཤེས་རབ་སྣང་འབྱེད་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་ཚོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ལོང་ཤོག་གླུ་དབྱངས་ལེན་གྲུབ་མཚམས་ཚང་མས་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གུས་འདུད་མཚོན་ཆེད་ངག་བཅད་མྱ་ངན་སྐར་མ་གཅིག་རིང་གནང་།དེ་ནས་སྦེལ་ཇམ་དོན་གཅོད་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་བཀའ་ཤག་སྐབས་ ༡༦ པའི་གསུམ་བཅུའི་དུས་དྲན་གྱི་བསྒྲགས་གཏམ་བོད་སྐད་ཐོག་སྒྲོགས་སྦྱང་གནང་བ་དང་སྦྲགས། བོད་ཀྱི་ལོ་རྒྱུས་ནང་ཉིན་མོ་གལ་ཆེན་འདི་སྲུང་བརྩི་བྱེད་པར་མི་མང་ནས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཕ་མ་ཚོས་རང་གི་བུ་ཕྲུག་ཁྲིད་ཡོང་བར་དགའ་བསུ་དང་། ན་གཞོན་མང་པོས་མཉམ་ཞུགས་གནང་པར་བསྔགས་བརྗོད་ཞུས་ཡོད།
སྦེལ་ཇམ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རླུང་རྟའི་ཚོགས་གཙོ་ཧན་ (Han) ལགས་དང་ཁོང་གི་བཟའ་ཟླ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། ཧན་ལགས་ཀྱིས། ང་ཚོ་འདིར་ཡོང་དོན་ནི་རྒྱ་ནག་གིས་རང་བཙན་གཙང་མའི་རྒྱལ་ཁབ་བོད་འདི་ཁྲིམས་འགལ་གྱིས་བཙན་བཟུང་བྱེད་བཞིན་པར་ངོ་རྒོལ་བྱེད་ཆེད་ཡིན། ལོ་ངོ་བདུན་ཅུ་ལྷག་གི་རིང་བོད་ཀྱི་སྤྱི་ཚོགས་དང་། རིག་གཞུང་། ཆོས་ལུགས། དེ་བཞིན་ཁམས་སྡེ་དགེའི་ཞི་བའི་ངོ་རྒོལ་པ་ཚོར་ཉེ་ཆར་རྒྱ་ནག་གི་འགོ་ཁྲིད་ཚོས་གདུག་རྩུབ་ཀྱིས་དྲག་གནོན་བྱས་པ་དེར་རླུང་རྟ་ངོས་ནས་བློ་འཚབ་ཆེན་པོ་ཡོད། ཅེས་གསུངས་ཏེ་མཇུག་སྡོམ་དུ་འདས་པའི་ལོ་ངོ་ཉི་ཤུའི་རིང་རླུང་རྟས་བོད་མི་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་བོད་རང་དབང་མ་ཐོབ་པའི་བར་དུ་དེ་ལྟར་བྱེད་རྒྱུ་ཡིན་ཞེས་གསུངས།
དེ་རྗེས་བསྟན་འཛིན་ལྷ་མོ་ལགས་དང་། བསྟན་འཛིན་དབྱངས་ཅན་ལགས། ནོར་འཛིན་ལགས་བཅས་ཀྱིས་བོད་མིའི་སྒེར་ལངས་ཉིན་མོའི་བསྒྲགས་གཏམ་དེ་ཨིན་སྐད་དང་། ཕ་རན་སི། ཌཆ་བཅས་ཀྱི་ཐོག་སྒྲོགས་སྦྱང་གནང་།
གཏམ་བཤད་ཀྱི་མཛད་རིམ་གྲུབ་རྗེས་བོད་མི་ཚོས་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ཆུ་ཚོད་གཅིག་ཙམ་རིང་ཞི་བའི་ངོ་རྒོལ་གནང་། འདི་ལོའི་གསུམ་བཅུའི་དུས་དྲན་འདི་བཞིན་རེས་གཟའ་ཉི་མ་ཉིན་འཁེལ་ཡོད་སྟབས། སྦེལ་ཇམ་གྱི་གྲོང་ཁྱེར་ཆེ་ཁག་དྲུག་ནས་བོད་མི་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་སྦེལ་ཇམ་ནང་གི་བོད་པའི་ཚོགས་པ་ལྔ་དང་། གཟའ་མཇུག་སློབ་གྲྭ་གཉིས། སྦེལ་ཇམ་བོད་དོན་ཞུ་གཏུག་ལས་འགུལ་བཅས་ཀྱི་སྐུ་ཚབ་ཀྱང་གསུམ་བཅུ་དུས་དྲན་ཉིན་མོར་མཉམ་ཞུགས་གནང་ཡོད། སྐབས་དེར་སྦེལ་ཇམ་དོན་གཅོད་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་། རྩིས་པ་བསྟན་འཛིན་ནོར་ལྡན་ལགས་གཉིས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།