༢༠༡༡ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གིས་སྲས་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་དབུ་འབྱེད་གནང་བ་དང་ཆབས་ཅིག འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་འགྲེམས་སྟོན་ཚན་པའི་ལས་བྱེད་བསྟན་འཛིན་འཆི་མེད་ལགས་ཀྱིས་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་མཆོག་ལ་པར་རིགས་ཁག་འགྲེལ་བཤད་ཞུས་ཡོད། སྐབས་དེར་བདེ་སྲུང་བཀའ་བློན་མཆོག་ཀྱང་ལྷན་བཅར་ཞུས་འདུག གཟིགས་སྐོར་གྲུབ་མཚམས་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་མཆོག་གིས་མྱོང་ཚོར་ཇི་བྱུང་ཐོག་གསུང་དོན། ཐེངས་འདིའི་འགྲེམས་སྟོན་ཁང་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཁག་དང་དེ་བཞིན་བོད་མིའི་བཙན་བྱོལ་དུ་གྱར་ནས་ལོ་ངོ་ལྔ་བཅུ་ཕྱིན་པའི་འདྲ་པར་སོགས་ངོ་མཚར་ལྡན་པའི་འགྲེམས་སྟོན་ཞིག་གནང་འདུག་པས་ངར་བཙན་བྱོལ་བོད་མིའི་གནས་སྟངས་གང་ཙམ་ཞིག་ཤེས་རྟོགས་ཐུབ་པའི་མྱོང་ཚོར་བྱུང་ཞེས་གསུངས་ཡོད།
དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱིས་དྲུང་འཕར་བཀྲ་ཤིས་ལགས་ཀྱིས་འགྲེམས་སྟོན་འདི་བཞིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་དང་བསྟུན་ནས་གོ་སྒྲིག་གནང་དགོས་པའི་དམིགས་བསལ་རྒྱུ་མཚན་རྣམས་གསར་འགོད་པ་ཚོར་ངོ་སྤྲོད་གནང་དོན། ཕྱི་དྲིལ་ལས་ཁུངས་ངོས་ནས་འགྲེམས་སྟོན་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་དེ་བཞིན་དུས་དབང་སྐབས་སུ་རྒྱ་གར་དང་བལ་ཡུལ། འབྲུག ལྷག་པར་བོད་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བར་དཀའ་ངལ་ལ་མ་འཛེམས་པར་འདི་གར་ཆོས་ཞུར་བཅར་བཞིན་ཡོད་སྟབས། སྤྱིར་བོད་པའི་གནས་སྟངས་དང་ཡང་སྒོས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་གཙོ་བོར་གྱུར་བའི་སྐྱབས་བཅོལ་བོད་མིའི་གནས་སྟངས་རྣམས་མང་ཚོགས་ནས་ཤེས་རྟོགས་ཡོང་ཆེད་ཡིན། དེ་བཞིན་ཡིག་ཆ་བོད་རྒྱ་དབྱིན་གསུམ་ནང་ཡོད་པ་རྣམས་འོད་སྡེར་ནང་ཕྱོགས་སྒྲིག་ཞུས་ཏེ་རིན་མེད་ཐོག་ནས་འགྲེམས་སྤེལ་ཞུ་བཞིན་ཡོད་ཅེས་གསུངས།
པར་རིགས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་བསྟུན། ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ཆོས་རིག་བཀའ་བློན་མཆོག བདེ་སྲུང་བཀའ་བློན་མཆོག སྐུ་སྒེར་དྲུང་ཆེ་མཆོག་བཅས་ཀྱིས་ཉེ་ཁོར་གྱི་དགོན་སྡེ་ཁག་དང་མི་མང་སྡོད་གུར། གསུང་ཆོས་རྭ་བ་བཅས་ནང་གཟིགས་སྐོར་དུ་ཕེབས་ཡོད། ད་ཐེངས་འགྲེམས་སྟོན་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་འཁྲུངས་ནས་མཛད་པ་ཇི་བསྐྱངས་ཀྱི་སྐུ་པར་དང་དེ་བཞིན་མགོན་པོ་གང་ཉིད་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཆེ་བསྟོད་ཕྱག་འཁྱེར་དུ་མ་ཞིག་འབུལ་ལམ་ཞུས་པའི་སྐུ་པར་མཐོང་གྲོལ་རིན་པོ་མཆོག ཕྱོགས་མཚུངས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་༸གོང་ས་མཆོག་གིས་དབུས་བོད་མི་མང་དག་ཅིག་རྒྱ་གར་དུ་བཙན་བྱོལ་འབྱོར་རྗེས་ཐོག་མར་བོད་མིའི་ཆོས་སྒར་དང་སློབ་གྲྭ་དེ་བཞིན་གཞིས་ཆགས་ཁག་གི་གནས་སྟངས་སྤྱི་དང་དེ་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་པའི་འདྲ་པར་ཁག
དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འདྲ་པར་བཅས་ཁྱོན་སྐུ་པར་སྟོང་ཚོ་བརྒལ་བ་འགྲེམས་སྟོན་གནང་སྟེ་མི་མང་སྟོང་ཚོ་མང་པོས་འཚང་ག་ཤིག་ཤིག་ངང་འགྲེམས་སྟོན་བལྟས་ཏེ་ཁོང་རྣམ་པར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་སྦྱིན་དང་སྦྱིན་མུས་ཡིན་འདུག་མདོར་ན། འགྲེམས་སྟོན་དེ་བཞིན། ༡༽༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཛད་འཕྲིན་བསྐྱངས་པའི་སྐུ་པར་ཁག་ ༢༽ མི་ལོ་ལྔ་བཅུ་བཙན་བྱོལ་ནང་གི་འགྲུལ་བཞུད།
༣༽ བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཅས་ཀྱི་སྐོར་ལ་ཡིན་འདུག་པ་བཅས། །