༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༡ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ (Center for Bodhisattva Buddhist Studies) ཞེས་པའི་ཆོས་ཚོགས་ཀྱི་ཆུ་ཚོད་ ༡༠༨ ཀྱི་ཞི་བདེ། (“108 Hours of Peace”) ཞེས་པའི་ལས་འགུལ་གྱི་སྐུ་མགྲོན་གཙོ་བོར་ཕེབས་ཡོད།
ལས་འགུལ་དེ་ནི་ (Center for Bodhisattva Buddhist Studies) དང་། (Instituto Caminho do Meio) ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་བསམ་བློའི་ཡར་རྒྱས་དང་། སྤྱི་ཚོགས་དང་ཁོར་ཡུག་བདེ་དོན་སྐོར་བསམ་གཞིག་གཏང་རྒྱུར་སེམས་འགུལ་སྤེལ་རྒྱུ་ཡིན་པ་ལྟར། སྐབས་དེར་སྤྱི་ཚོགས་དང་རིག་གཞུང་ཞི་གནས། ཆོས་ལུགས་ཕན་ཚུན་འབྲེལ་མཐུན་འབྲེལ། སྨོན་ལམ་གསུང་འདོན། ནང་ཆོས་ངོ་སྤྲོད། ཚོགས་པ་ཕན་ཚུན་མཉམ་ལས་གནང་ཕྱོགས་སྐོར་གྲོས་མོལ་སོགས་ཀྱི་ལས་གཞི་སྤེལ་གྱི་ཡིན་པ་རེད།
གྲོས་མོལ་དང་། གཏམ་བཤད། རིག་གཞུང་གི་བྱེད་སྒོ་སོགས་བརྒྱུད་ནས་ཚོགས་ཞུགས་པ་རྣམས་ཀྱིས་ལྟ་ཚུལ་སྣ་ཚོགས་ལ་དཔྱད་པ་བྱས་ནས་ཕུགས་འདུན་ཆེན་པོ་ཞིག་བསྐྲུན་ཏེ་དེང་གི་དཀའ་ངལ་ལ་དངོས་སུ་གདོང་ལེན་བྱེད་པའི་ཐབས་ལམ་བཏོན་ཡོད། སྐབས་དེར་ནང་པའི་ཆོས་བརྒྱུད་དང་གྲུབ་མཐའ་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱང་ཚོགས་འདུ་དེར་ཕེབས་ཏེ། ནང་བསྟན་གྱིས་སྤྱི་ཚོགས་ལ་ཇི་ལྟར་འབྲེལ་འདྲིས་བྱེད་ཚུལ་དང་། གནད་དོན་སྣ་ཚོགས་ལ་ཇི་ལྟར་བསྟུན་འགྱུར་བྱེད་ཚུལ་སོགས་ཀྱི་སྐོར་ལ་གླེང་མོལ་གནང་ཡོད་པ་དང་། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་ཕན་ཚུན་ལྟོས་གྲུབ་དང་སྙིང་རྗེའི་ཐབས་ལམ་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་དང་ཁོར་ཡུག་གི་དཀའ་ངལ་ལ་གདོང་ལེན་བྱེད་པར་མཉམ་འབྲེལ་བྱེད་རྒྱུ་བཅས་ཡིན། ལྷག་པར་ཞི་བདེ་དང་། ཆོས་ལུགས། ཆོས་ལུགས་ཕན་ཚུན་གྱི་བགྲོ་གླེང་བཅས་ཀྱི་སྐོར་ལ་གླེང་མོལ་བྱེད་སྐབས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་ཐུན་མོང་གི་དམིགས་ཡུལ་དེ་གསལ་སྟོན་ཞུས་ཡོད།
སྐུ་ཚབ་དོན་གཅོད་ལྷན་དུ་སེ་ར་བྱེས་དགོན་པའི་དགེ་བཤེས་དགེ་འདུན་གྲགས་པ་ལགས་ལྷན་ཞུགས་གནང་ཡོད། ལས་དོན་དེ་ཉིད་གྲུབ་རྗེས་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༢ ནས་ ༠༤ བར་བོད་མི་དང་ཧི་མ་ལ་ཡའི་མི་རིགས་བར་འབྲེལ་ལམ་འཛུགས་ཆེད་ཀྲེ་རི་སི་ཀོ་ར་སི་(Três Coroas) ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་བཅས།།