༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༩ ཉིན་བེལ་ཇ་ཡམ་གྱི་གྲོང་ཁྱེར་ཨན་ཊི་ཝར་པན་ (Antwerpen) དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༤ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་བེལ་ཇ་ཡམ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་། བེལ་ཇ་ཡམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་ཀྱིས་གཙོས་མི་མང་རྣམས་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་མཎྡལ་ཕུལ་རྗེས་བོད་རིགས་ཚོགས་པའི་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། ནོ་སྦེལ་ཞི་བདེའི་བསྟོད་དབྱངས་རྔ་རོལ་དང་བཅས་དབྱངས་སུ་གྱེར་གྲུབ་མཚམས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད།
དེ་རྗེས་བེལ་ཇ་ཡམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་ཀྱིས་གསུང་བཤད་དུ་སྐབས་བཅུ་པའི་བེལ་ཇ་ཡམ་བོད་རིགས་ཚོགས་པའི་ཚོགས་མི་གསར་པའི་འོས་བསྡུའི་སྐོར་དང་འབྲེལ་གསུང་བཤད་གནང་། དེ་ཡང་སྐབས་དགུ་པའི་ལས་ཡུན་དེ་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ཉིན་རྫོགས་ཀྱི་ཡོད་པ་དང་། གལ་ཏེ་སྐབས་གསར་པའི་འོས་བསྡུར་ཞུགས་བློ་ཡོད་ཚེ་ཕྱི་ལོ་ ༢༠༢༤ ཟླ་ ༣ མཇུག་བར་རང་ཉིད་ཀྱི་མིང་ཐོ་འགོད་དགོས་པའི་གསལ་བསྒྲགས་གནང་བ་དང་སྦྲགས། མ་འོངས་པར་བོད་པའི་ཚོགས་ཁང་ཞིག་གསར་ཉོའི་དམིགས་ཡུལ་ཡོད་པ་ལྟར། མི་མང་རྣམས་ནས་རང་གི་ཟླ་གཅིག་གཉིས་ཀྱི་གླ་ཕོགས་དེ་ལས་འཆར་འདིའི་ས་བོན་ཀྱི་ཐེབས་རྩར་ཞལ་འདེབས་འབུལ་རོགས་གནང་ཞེས་རེ་སྐུལ་ཞུས།
བེལ་ཇ་ཡམ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ནས་བོད་དོན་འཐབ་རྩོད་ཆེད་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་འགན་ཁུར་དགོས་སྐོར་ནན་བརྗོད་དང་འབྲེལ། བེལ་ཇ་ཡམ་བོད་ཀྱི་གཞོན་ནུ་ཚོགས་པའི་ངོས་ནས་བེལ་ཇ་ཡམ་བོད་རིགས་ཚོགས་པའི་གཟའ་མཇུག་སློབ་གྲྭ་གཉིས་ལ་ཡུ་སྒོར་སྟོང་རེ་ཞལ་འདེབས་གནང་ཡོད།
དེ་རྗེས་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་སྐུ་ཚེ་ཧྲིལ་པོར་བོད་མིའི་ཆེད་དུ་སྐུ་ལས་སྐྱོན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ལ་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ནི་བོད་མི་རྣམས་ཀྱི་སྤོབས་པ་ཡིན་པའི་སྐོར་གསུངས། དེ་མཚུངས་ཁོང་གིས་བོད་མི་རྣམས་ནས་བོད་རང་དབང་གི་ཆེད་དུ་བློས་གཏོང་བྱ་རྒྱུའི་དམ་བཅའ་བརྟན་པོ་བཟུང་དགོས་པའི་འབོད་སྐུལ་གནང་སྐབས་ཁོང་གིས། ང་ཚོས་ཉིན་མོ་འདི་དགའ་སྤྲོ་དང་སེམས་ཤུགས་ཡོད་པའི་ཐོག་སྲུང་བརྩི་ཞུས་པ་ཇི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རེ་བསྒྲུབ་རྒྱུ་དང་། བོད་ནང་གི་སྤུན་ཟླ་ཚོའི་རེ་འདུན་མངོན་འགྱུར་ཡོང་ཐབས་སུ་བློས་གཏོང་བྱེད་དགོས། ཞེས་གསུངས།
དེ་རྗེས་ཁོང་གིས་ཚོགས་མི་རྒྱུན་ལས་ཟུར་པ་དང་ཤེས་རབ་སྣང་བྱེད་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་བྱ་དགའ་གསོལ་རེས་གནང་གྲུབ་མཚམས་མི་མང་ནས་རིག་གཞུང་འཁྲབ་སྟོན་དང་སྒོར་གཞས་ལ་རོལ་བཞིན་མཛད་སྒོ་མཇུག་སྒྲིལ་ཡོད་པ་བཅས།།