༠༨།༧།༢༩
རྟའུ་རྫོང་གི་མི་གཉིས་འཛིན་བཟུང་བྱས་པ། ཕྱི་ཟླ་ ༦ ཚེས་ ༡༣ ཉིན་ཁམས་རྟའུ་རྫོང་གི་སྤྱི་བདེ་ཉེན་རྟོག་པས་རྟའུ་རྫོང་འབར་རྫིང་ཤང་གཅི་ཞར་གྲོང་ནས་ཡིན་པའི་མི་སྐྱ་ཚེ་དབང་རིག་འཛིན་ཟེར་བ་ཞིག་དང་། རྟའུ་སྤང་སྣ་ས་གནས་ནས་ཡིན་པའི་མི་སྣ་གཞན་ཞིག་ལ་རྟའུ་ཁུལ་ངོ་རྒོལ་ནང་ཞུགས་པ་དང་། གནས་ཚུལ་པར་ལེན་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག ཞིབ་ཕྲའི་གནས་ཚུལ་ཁ་གསལ་མི་འདུག
སྨར་ཁམས་རྫོང་འགར་མདོ་ཤང་ཐོག་ཏུ་སྐད་འབོད་བྱུང་བ། ཕྱི་ཟླ་ ༦ ཚེས་ཤར་དུ་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་འགར་མདོ་ཤང་ཁོངས་ཀྱི་བརྒྱད་ཚོགས་འབྲོག་པ་ནས་ཡིན་པའི་འགྱུར་མེད་དབང་གྲགས་ཞུ་བ་ཞིག་ནས་ཤང་ཐོག་ཏུ་བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་ཀྱི་སྐད་འབོད་བྱས་འདུག ཡང་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་བརྒྱད་ཚོགས་འབྲོག་པ་ནས་ཡིན་པའི་བསོད་རྒྱལ་ཞེས་པ་ཞིག་གིས་འགར་མདོ་ཤང་ཐོག་ཏུ་གོང་ལྟར་སྐད་འབོད་བྱས་འདུག ཁོང་གཉིས་པོ་སྐད་འབོད་བྱས་རྗེས་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་དང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཐོག་མར་རྫོང་བཙོན་ཁང་དུ་བཀག་ཉར་དང་དེ་རྗེས་ཆབ་མདོ་ཁུལ་དུ་འཁྲིད་ཟིན་ཡོད་འདུག ད་ལྟའི་གནས་སྟངས་ཇི་ཡིན་ཁ་གསལ་མི་འདུག