༢༠༡༡ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་ཡུལ་གྲུ་གང་སར་འགྲོ་བ་མིའི་ཐོབ་ཐང་གི་ཉི་མོའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་སྟབས། ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་བཅས་མི་གྲངས་ ༣༠༠ བརྒལ་བས་ཕྱི་ཚེས་ ༡༠ ཉིན་རྒྱལ་ས་ཀེན་བྷེ་རར་འདུ་འཛོམས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༢ འཁོར་བ་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉི་མོའི་དུས་དྲན་སྲུང་བརྩིའི་ལས་འགུལ་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ཀེན་བྷེ་རའི་གྲོང་ཁྱེར་གྱི་མི་མང་འདུ་འཛོམས་ཆེ་སའི་ Garema Place ཞེས་པའི་ཁྲོམ་གཞུང་དུ་ཉིན་འདིའི་ལས་འགུལ་འགོ་འཛུགས་གནང་བ་དང་། མཛད་སྒོར་ཕེབས་པའི་སྐུ་ཚབ་དོན་གཅོད་དང་། གྲོས་ཚོགས་གོང་མའི་ལྗང་གུ་ཚོགས་པའི་ཚོགས་མི། ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་ཀྱི་བེུད་ཚོགས་པའི་འཐུས་མི། ཕྱོགས་མཚུངས་རྒྱ་རིགས་སོགས་ཀྱིས་གསུང་བཤད་གནང་ཡོད། དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ལྗང་གུ་ཚོགས་པའི་ཚོགས་མི་དང་། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་སྭ་ཧ་ར་ཧེན་སེན་ཡོན་ Sarah Hanson-Youngལགས་ཀྱིས་མཛད་སྒོ་ཐོག་གཏམ་བཤད་གནང་སྐབས། ལོ་ངོ་ ༥༠ རིང་རྒྱ་ནག་གཞུང་གི་བོད་མི་རྣམས་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་རུང་། ཨོ་སོ་ཊོ་ལི་ཡའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐད་ད་དུང་སྐད་ཆ་ཤོད་ནུས་ཀྱི་མེད་པ་དང་། ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་རྒྱལ་ཁབ་གཉིས་དབར་ཚོང་འབྲེལ་གྱི་ཆོད་ཡིག་བཞག་ཡོད་ནའང་། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་དོན་དུ་སྐད་ཆ་ཤོད་དགོས་ཅེས་བརྗོད་ཡོད།
ཡང་སིད་ནིའི་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཆེ་ཟུར་པ་ (Chen Yonglin) ཁྲིན་ཡོང་ལིན་གྱིས་མཛད་སྒོའི་ཐོག་གཏམ་བཤད་གནང་སྐབས། ལོ་ཤས་ནང་ངས་བོད་དོན་ལ་ལྟ་ཞིབ་བྱེད་སྐབས་རྒྱ་ནག་མི་མང་བཅིངས་འགྲོལ་དམག་དང་ལྕགས་ཁྲབ་དམག་དཔུང་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་ནང་སྐོར་བསྐྱོད་དང་ལྟ་ཞིབ་བྱེད་པར་མཐོང་སྟབས། རྒྱ་མི་རིགས་ཞིག་གི་ངོས་ནས་གཞུང་གི་དཔོན་རིགས་དང་དམག་མིས་བོད་མི་རྣམས་ལ་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བར་ངོ་ཚ་བྱུང་། ཁྲན་ཡོང་ལིན་གྱིས་ད་དུང་རྒྱ་ནག་གཞུང་གི་དུས་རྟག་དུ་ང་ཚོའི་བོད་རིགས་གཅེན་གཅུང་ཅེས་བརྗོད་ཀྱི་ཡོད་རུང་། དོན་དངོས་ཐོག་གཅེན་གཅུང་དེ་དག་དམར་གསོད་བཏང་དང་གཏོང་བཞིན་པ་རེད། དེར་བརྟེན་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། དམ་བསྒྲགས་བྱེད་བཞིན་པའི་གསར་འགོད་ཀྱི་རང་དབང་ལྷུག་རུ་གཏོང་དགོས་པ་མ་ཟད། བོད་ཀྱི་ས་ཁུལ་དང་དགོན་སྡེ་ཁག་ནང་གི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་དང་། རྒྱལ་སྤྱིའི་རང་དབང་རྟོག་ཞིབ་ཚོགས་པས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ཀྱི་ཆེད་རྟོག་ཞིབ་གནང་དགོས་ཅེས་བརྗོད་ཡོད།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་བཤད་གནང་དོན། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དབུ་བརྙེས་ནས་ལོ་ངོ་ ༦༣ སོང་ཡོད་པ་དང་། བོད་ནང་གི་བོད་མི་རྣམས་ད་དུང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་སོགས་རྩ་མེད་གཏོང་རྒྱུའི་དྲག་པོའི་སྲིད་བྱུས་འོག བོད་ནང་གི་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་རང་ལུས་མེར་སྲེག་བཏང་གནང་བ་དེས། འཛམ་གླིང་ལ་བོད་ནང་གི་གནས་སྟངས་གསལ་སྟོན་བྱས་ཡོད་པའི་འགྲེལ་བརྗོད་གནང་ཡོད།
གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས་ཁྲོམ་གཞུང་ནས་རྒྱ་ནག་གཞུང་ཚབ་ཁང་དབར་གྱི་ཞི་བའི་གོམ་འགྲོས་གནང་བ་དང་། ཉིན་གུང་ཆུ་ཚོད་ ༡ ཐོག་ཀེན་བྷ་རའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སླར་ཡང་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཏེ། ལས་འགུལ་བ་རྣམས་ཀྱིས་དབྱིན་ཡིག་ཐོག་བོད་སྐྱབས་ཟེར་བའི་སྟོད་གོས་གྱོན་ཏེ། ལག་ཏུ་བོད་ཀྱི་རྒྱལ་དར་དང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ཀྱི་འདྲ་པར། དེ་བཞིན་བོད་སྐྱབས་ཟེར་བའི་འཕྲད་དར་སོགས་ལག་ཏུ་ཁྱེར་ནས། བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་འཚམས་འཇོག་དགོས་པའི་ཞི་བའི་སྐད་འབོད་ཀྱང་གནང་ཡོད། སིད་ནི་རྒྱ་རིགས་མང་གཙོ་དོན་གཉེར་བ་ Chinjin ཆིང་ཅིན་དང་། མེལ་བྷོན་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Frank Ruanjie ཕེ་རིང་རོན་ཇེས། ཨོ་སི་ཊོ་ལི་ཡའི་ ACT བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་ཀྱིས་ཀྱང་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད། ལས་འགུལ་གོ་སྒྲིག་གནང་མཁན་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་དོན་གྲུབ་ལགས་དང་ ACT བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་བོད་ཐོག་འཛིན་པའི་སྲིད་བྱུས་འཕྲལ་དུ་འཚམས་འཇོག་དགོས་པའི་ཞུ་སྙན་ཡང་ཕུལ་ཡོད་པ་མ་ཟད། འདི་ཟླའི་ཚེས་ ༩ ཉིན་ནས་སིད་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་གིས་ཀེན་བྷེ་རའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཚོུད་ ༢༤ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་ཡ་ང་བའི་སྲིད་བྱུས་དེ་དག་འཕྲལ་དུ་མཚམམ་འཇོག་དགོས་པའི་དགོས་འདུན་བཏོན་ཡོད།
དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཀེན་བྷེ་རར་ཡོད་པའི་སྙན་གྲགས་ཅན་གྱི་གནའ་ཤུལ་ཚོགས་ཁང་ Albert Hall ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༢ འཁོར་བ་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་དུས་དྲན་སྲུང་བརྩི་འི་མཛད་སྒོ་དབུ་འཛུགས་གནང་ཡོད། མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་༉༸གོང་ས་མཆོག་གི་སླབས་ཆེན་མཛད་རྗེས་དང་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་འཚེ་བ་མེད་པ་མཛའ་མཐུན་དང་གུ་བཤངས་བཅས་གཉིས་ཕན་རང་བཞིན་གྱི་ལམ་ནས་སེལ་རྒྱུའི་ཐབས་ལམ་སོགས་འགྲེལ་བརྗོད་གནང་ཡོད། སྐབས་དེར་ཨོ་སི་ཊོ་ལི་ཡའི་རྒྱ་ནག་ངལ་རྩོལ་ཚོགས་པའི་ཚོགས་གཙོ་ Mr.Fangyuan ཧྥང་ཡོན་གྱིས་བོད་རིགས་མི་མང་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ཁྲོད་རང་ཉིད་ཀྱི་ཆོད་དད་རང་དབང་མེད་པ་མ་ཟད། བོད་ནང་བོད་མི་རྣམས་ལ་༸གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་དབང་ཡང་མེད་པ་དང་། མི་རིགས་ཚང་མ་སོ་སོའི་ཆོས་དད་དང་འཚོ་སྡོད་ཀྱི་ཐོབ་ཐང་ཡོད་དགོས། དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན། འོན་ཀྱང་ཐོབ་ཐང་དེ་དག་ད་ཆ་རྒྱ་ནག་ནང་དུ་མེད་པ་མ་ཟད། རྒྱ་ནག་གཞུང་བཙུགས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཡིག་འབྲུ་གཉིས་པོར་བེད་སྤྱོད་ཀྱང་བྱས་ཆོག་གི་མེད། དེར་བརྟེན་རྒྱ་བོད་མི་རིགས་གཉིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གིས། དྲག་པོའི་སྲིད་གཞུང་འདི་མཇུག་སྒྲིལ་རྒྱུ་ནི་ང་ཚོ་ཐུན་མོང་གིས་འབད་བརྩོན་གནང་དགོས། ཞེས་བརྗོད་ཡོད།
དེ་བཞིན་འཕྲོད་བསྟེན་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་ཀྱི་གཞོན་སྐྱེས་རྣམས་ནས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་གཅེས་སྐྱོང་དང་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དགོས་པའི་སྐོར་སོགས་ལ་གསུང་བཤད་གནང་ཡོད་པ་བཅས།།