༢༠༡༡ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ ནས་ ༢༠ བར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་ལྷན་སྨན་པ་བསོད་ནམས་དོན་གྲུབ་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག དེ་ཡང་ཕྱི་ཚེས་ ༡༥ ཉིན་ཐོག་མར་བཀའ་བློན་མཆོག་གིས་ལྡི་ལིར་ཨི་ཊ་ལིའི་གཞུང་ཚབ་ཀྱི་དྲུང་ཆེ་(Ms.Elisabetta Holztein Tarczewki) ལགས་ཐུག་འཕྲད་གནང་རྒྱུ་དང། དེ་ཉིན་སྨན་པ་བསོད་ནམས་དོན་གྲུབ་ལགས་ཀྱིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མི་མང་དང་། ལྡི་ལི་བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་བཅས་སུ་ཀྲི་སྦི་དང། མཆིན་པའི་གཉན་ཚད། གཉན་ནད་རེག་དུག་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུ། བཀའ་བློན་མཆོག་ཕྱི་ཚེས་ ༡༦ ཉིན་སྦེང་ལོར་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༧ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཀར་ན་ཊ་ཀ་མངའ་གཞུང་གི་འཕྲོད་བསྟེན་དྲུང་ཆེ་རཱ་མ་ན་རེ་ཌི་(Dr.Ramana Reddy) ལགས་ཐུག་འཕྲད་ཀྱིས་མངའ་གཞུང་གི་སྨན་པའི་མཐོ་སློབ་ཁོངས་བོད་ཕྲུག་ཚོར་སྨན་པའི་ཞབས་སྟེགས་གཅིག་གསར་བསྐྲུན་དགོངས་བཞེས་ཡོང་ཆེད་འབོད་སྐུལ་ཐད་བཀའ་བསྡུར་ཞུ་རྒྱུ། དེ་ཉིན་ཆུ་ཚོད་ ༡༢།༠༠ ཐོག་སྦེང་ལོར་དུ་རྟེན་གཞི་བྱས་པའི་(St.John’s National Academy of health Sciences) མཐོ་སློབ་ཀྱི་འགན་འཛིན་(Rev.Dr.Lawrence D’Souza) ལགས་ཐུག་འཕྲད་ཀྱིས་བོད་ཕྲུག་རྣམས་ལ་སྨན་པའི་ཞབས་སྟེགས་གཅིག་གསར་བསྐྲུན་དགོངས་བཞེས་ཡོང་བའི་འབོད་སྐུལ་ཐད་བཀའ་བསྡུར་ཞུ་རྒྱུ། དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༤།༠༠ ཐོག་(Dr.Sunita) ཐུག་འཕྲད་ཀྱིས་རྒྱང་བཅོས་ལས་གཞིའི་(Tele Medicine) ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༡༨ ཉིན་སྨན་པ་བསོད་ནམས་དོན་གྲུབ་ལགས་ཀྱིས་སྦེང་ལོར་(Bangalore)བོད་ཕྲུག་ཁྱིམ་སྡེའི་སྡོད་ཁང་དང་ནི་ལ་མངྒ་ལ་བཅས་སོ་སོར་ཀྲི་སྦི་དང། མཆིན་པའི་གཉན་ཚད། གཉན་ནད་རེག་དུག་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུ་དང། ཕྱི་ཚེས་ ༡༩ ཉིན་ཆུ་ཚོད་ ༣ ནས་ ༤ བར་(Health Sprint and Medi Assist) མཉམ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཐོག་བཀའ་བསྡུར་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༠ ཉིན་ལྡི་ལིར་ཕེབས་ཐོན་གྱིས་དགོང་དྲོ་ལྡི་ལི་ནས་པ་ཀོར་བརྒྱུད་རྡ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག་པ་བཅས།།
འཕྲོད་བསྟེན་བཀའ་བློན་མཆོག་ལྡི་ལི་དང་སྦེང་ལོར་ཕྱོགས་བསྐྱོད་གནང་རྒྱུ།
གསར་གནས།
འབྲེལ་གནས།